བོད་རྒྱལ་གཅེས་དཔའ་བོ་སྐུ་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཨ་རིའི་མངའ་སྡེ་ ཧྤོ་ལོ་རེ་ཌའི་ནང་བོད་དོན་གོམ་བགྲོད་བྱེད་སྐབས། གློ་བུར་རྐྱེན་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་ཡོད། ཕྱི་ལོ༢༠༡༡ལོའི་ཟླ་༢པའི་ཚེས་ ༡༤ ཉིན་གྱི་ཨ་རིའི་དགོང་དྲོའི་ཆུ་ཚོད་ ༧ དང་ཕྱེད་ཀའི་ཐོག་རྒྱལ་གཅེས་བོད་དོན་འཐབ་རྩོད་པ་སྐུའི་གཅེན་པོ་སྟག་འཚེར་རིན་ པོ་ཆེ་མཆོག་གི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཉེ་ཆར་ཐའེ་ཝན་ནང་གི་བོད་དོན་ དྲིལ་བསྒྲགས་ཀྱི་གོམ་བགྲོད་མཇུག་སྒྲིལ་ཏེ། ཐེངས་འདིར་བསྐྱར་དུ་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་ལམ་ཐག་ལེ་དབར་ ༣༠༠ ལྷག་གི་བོད་དོན་གོམ་བགྲོད་ཞིག་མགོ་འཛུགས་བྱས་ཏེ། ཉིན་དང་པོའི་གོམ་བགྲོད་མཇུག་སྒྲིལ་ལ་ཉེ་བའི་མཚམས་སུ་རླངས་འཁོར་ཆེན་པོ་ཞིག་ གི་བརྡབ་སྐྱོན་ འོག་སྐུ་གྲོངས་ཡོད་འདུག རང་ལོ་ ༤༥ ཡིན་པའི་སྲས་འཇིགས་མེད་ནོར་བུ་ལགས་ནི། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་སྲས་གསུམ་གྱི་ཆུང་ཤོས་ཡིན་ལ། འདས་པའི་དུས་སུ་ཁོང་ཕ་དམ་པ་དང་མཉམ་དུ་ཐེངས་མང་པོར་ཨ་རིའི་མངའ་སྡེ་ཁག་མང་ པོའི་ནང་བོད་རང་བཙན་གྱི་གོམ་བགྲོད་གནང་མྱོང་ཞིང་། སྐུའི་གཅེན་པོ་དམ་སྟག་འཚེར་རིན་པོ་ཆེ་མཆོག་ཕྱི་ལོ་༢༠༠༨ ལོའི་ཟླ་ ༩ པའི་ཚེས་ ༥ ཉིན་ཁོང་སྙུང་གཞིའི་དབང་གིས་སྐུ་གཤེགས་ཡོད་ཅིང་། དུས་དེ་ནས་བཟུང་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཕ་དམ་པའི་དགོངས་གཞི་ལྟར་ རླབས་ཆེན་གྱི་བྱ་ བཞག་མཇུག་སྐྱོང་བའི་དམ་བཅའ་བརྟན་པོ་བཅངས་ཏེ། སྔ་ཕྱི་ཨ་རིའི་མངའ་སྡེ་ཁག་ཅིག་དང་ཁེ་ཎ་ཌའི་མངའ་སྡེ་ཁག དེ་བཞིན་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ནས་གྲོང་ཁྱེར་ཀོ་ཞོན་བར་ཉིན་གྲངས་ ༡༣ རིང་གོམ་བགྲོད་གནང་སྟེ་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་མཛད་རྗེས་མི་དམན་ པ་འཇོག་དང་འཇོག་མུས་སུ་མཆིས་ཀྱང་། ། ཟླ་འདིའི་ཚེས་༡༤ཉིན་ཨ་རིའི་མངའ་སྡེ་ཧྤོ་ལོ་རེ་ཌའི་ནང་གི་གོམ་བགྲོད་མགོ་ འཛུགས་གནང་སྟེ། ཉིན་གཅིག་ལས་ཕྱིན་མེད་པའི་མཚམས་སུ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བདེན་ མཐའི་ཆེད་དུ་རང་ཉིད་ཀྱི་ཚེ་སྲོག་ལོངས་སྤྱོད་དང་བཅས་པ་བཞག་ནས་གཅེས་པའི་འཇིག་ རྟེན་འདི་དང་ཁ་གྱེས་དགོས་བྱུང་འདུག ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་རྗེས་འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལསཁང་ གིས་རྡ་སའི་ཉེ་འཁྲིས་ཀྱི་རྒྱུན་ལས་རྣམས་བསྡུ་སྐོང་གིས་བོད་རྒྱལ་གཅེས་དཔའ་ བོ་ཁོང་ལ་མྱ་ངན་གུས་འདུད་དང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདུན་ཚིགས་རེ་ རེ་བཞིན་མར་མེ་བརྒྱ་མཆོད་འབུལ་རྒྱུ་དང་། དེ་བཞིན་ཁོང་གི་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཀྱང་བཏང་ཡོད།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།