གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཆེན་མོ་ནི་ཕྱི་ལོ་༢༠༡༡ལོའི་ཟླ༡༠ཚེས་༡༨ཉིན་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་ཟས་བཅད་ཐོག་མི་དང་མཉམ་དུས་ཚོད
༢༤རིང་ངོ་རྒོལ་དང་མཆོད་འབུས་དུས་གཅིག་ཏུ་བྱས་ཡོད་ལ། ཉིན་གཉིས་པ་སྟེ་ཚེས་༡༩ཉིན་མི་མང་སྟོང་ཕྲག་བཞི་མ་ཟིན་ཙམ་ཞིག་གིས་ཉིན་གཅིག་གི་ཟས་བཅད་ཐོག་ལས་
འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད། ཉིན་གསུམ་དང་བཞི་བ་གཉིས་རིང་བོད་ཀྱི་གཞོན་སྐྱེས་དང་བུད་མེད་བཅས་སོ་སོའི་འགོ་ཁྲིད་ནས་རམ་ལི་ལཱ་ཐང་ཆེན་ནས་ཇཱན་ཏར་མན་
ཏར་བར་གྱི་རྒྱ་གར་རྒྱལ་ས་ལྡི་ལི་གསར་བའི་མྱུར་བགྲོད་གཞུང་ལམ་ཆེན་མོ་ཞིག་གི་ཐོག་རླངས་འཁོར་ཆེ་ཆུང་ཁྲི་ཁྲག་མང་པོ་བསྐྱོད་མཚམས་བཞག་ཏེ་བོད་ཀྱི་ལས་འགུལ་བ་
རྔམ་རྔམ་སྟོབ་སྟོབ་ངང་ཁྲོམ་སྐོར་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་ལ། དེ་བཞིན་ཐེངས་འདིའི་ལས་འགུལ་ཆེན་མོའི་ཁྲོད་རྒྱ་གར་རྒྱལ་ས་ལྡི་ལི་གསར་བར་གནས་བསྡོད་
བྱས་ཡོད་པའི་ཕྱི་རྒྱལ་ཁག་གི་གཞུང་ཚབ་ཁང་མང་པོར་བོད་མདོ་སྨད་རྔ་བ་མི་མང་གཙོ་བྱས་པའི་བོད་ས་ཡོངས་སུ་རྫོགས་པར་རྒྱ་ནག་དམར་པོའི་གཞུང་གིས་གདུག་རྩུབ་་་་
མནར་གཅོད་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་དང་གཏོང་བཞིན་པའི་ཛ་དྲག་གི་གནས་ཚུལ་རྣམས་བརྒྱུད་སྤྲོད་བྱས་ཡོད་འདུག་པ་དང་། རྒྱ་གར་གྱི་གཞུང་འབྲེལ་དང་
གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཆེ་ཁག་གི་དཔོན་རིགས་དབུ་ཁྲིད་མང་པོ་གདན་འདྲེན་བྱས་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་དང་རྒྱ་གཞུང་ལ་གནོན་ཤུགས་ཐེབས་པའི
གཏམ་བཤད་གཅིག་རྗེས་གཉིས་མཐུད་དུ་སྤེལ་ཡོད་འདུག
ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༢༡ སྔ་དྲོ་ཆུ་ཚོད་༡༠ ཐོག་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་བཞི་པར་རམ་ལི་ལཱ་ཐང་ ཆེན་(Ramlila Ground)ནས་འགོ་འཛུགས་ཀྱིས་ཇན་ཏར་མན་ཏར་བར། གཞོན་སྐྱེས་རྣམས་ཀྱིས་སྣེ་ཁྲིད་ནས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ ཞིག་སྤེལ་ཡོད་པ་དང་། ཁྲོམ་སྐོར་སྐབས་མང་ཚོགས་ཀྱིས་ཚོགས་ཤུགས་ཆེན་པོས་སྐད་འབོད་འདྲ་མིན་བྱས་ནས་ ཉིན་གུང་ཆུ་ཚོད་༡༡ དང་སྐར་མ་༢༠ ཙམ་གྱི་དུས་སུ་ཇན་ཏར་མན་ཏར་ས་གནས་སུ་འབྱོར་ཡོད་པ་རེད། དེ་ཡང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཉིན་བཞི་པའི་ཉིན་ གྱི་སྔ་དྲོ། རམ་ལི་ལཱ་ཐང་ཆེན་ནས་གཞོན་སྐྱེས་མི་སྐྱ་ལོ་ཆུང་རྣམས་མང་ཆེ་བས་སྟོད་ཐུང་དང་ གོས་ཐུང་ནག་པོ་གྱོན་ནས་བུ་མོ་གཡས་དང་བུ་རྣམས་གཡོན་དུ་བང་བསྒྲིགས་ནས་རྔམ་ སྟོན་ཁྲོམ་སྐོར་བ་རྣམས་ཀྱི་སྣེ་ཁྲིད་དེ་སྔ་དྲོ་ཆུ་ཚོད་༡༠ ཐོག་རྔམ་སྟོན་ཁྲོམ་སྟོན་གྱི་ལས་འགུལ་འགོ་འཛུགས་གནང་ཡོད་པ་དང་། རྔམ་སྟོན་ཁྲོམ་སྐོར་སྐབས་མི་མང་སོ་སོའི་རང་རང་གི་འདོད་མོས་བཞིན་༧གོང་ས་ མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ནང་མནར་གཅོད་མཚམས་འཇོག་དགོས་སོགས་བོད་དབྱིན་ཧིན་གསུམ་གྱི་སྐད་ཐོག་ནས་ སྐད་འབོད་ཤུགས་ཆེ་བྱས་ནས་རྒྱ་གར་གྱི་གྲོས་ཚོགས་ལམ་ཆེན་ཇན་ཏར་མན་ཏར་དུ་སྔ་ དྲོ་ཆུ་ཚོད་༡༡ དང་སྐར་༢༠ ཐོག་འབྱོར་ཡོད་པ་དང་། ཆུ་ཚོད་ཕྱེད་ཙམ་ལ་ཇན་ཏར་མན་ཏར་ནས་ཞི་བའི་སྐད་འབོད་ཤུགས་ཆེ་བྱས་ཡོད་པ་རེད། ཉིན་འདིར་གཞོན་སྐྱེས་ཕོ་མོ་བཅུས་བོད་ནང་རང་ལུས་མེར་བསྲེགས་བཏང་ནས་རྩ་ དོན་ཆེད་འཐབ་རྩོད་གནང་མཁན་དེ་དག་གི་ཚབ་ཞུས་ནས། གཟུགས་པོ་ལ་ཆུ་རས་ཙམ་ལས་གང་ཡང་མ་གྱོན་པར་ཚོན་དམར་བྱུགས་པ་དང་། སྐུ་གཟུགས་ཀྱི་མདུན་ངོས་སུ་སྐུ་གཟུགས་མེར་བསྲེགས་གཏོང་བཞིན་པའི་མཚོན་དོན་ རི་མོ་བྲིས་འདུག་པ་དང་། རྒྱབ་ངོས་སུ་བོད་རང་དབང་སོགས་ཡི་གེ་བྲིས་ཡོད་པ་དང་། གདོང་ལ་ཚང་མས་བོད་ཀྱི་རྒྱལ་དར་བྲིས་ནས་ཁྲོམ་སྐོར་བའི་མདུན་དུ་ཐོན་ནས་སྐད་ འབོད་ཤུགས་ཆེ་བརྒྱབ་ཡོད་པ་རེད། ཉིན་གསུམ་གྱི་ལས་འགུལ་འདིའི་ནང་དུ་བོད་མི་སེར་སྐྱ་གང་མང་ཞིག་མཉམ་ཞུགས་གནང་ འདུག་པ་མ་ཟད། ཉིན་གསུམ་གྱི་རིང་རྐང་པ་མེད་པར་འཁར་རྒྱུག་ཁུར་བའི་ནད་པ་ཡང་ཞུགས་ཡོད་པ་རེད།།