གྲགས་ རྒྱན་འདི་ཉིད་གནས་ཆུང་ཆོས་རྒྱལ་ཆེན་པོས་སྔར་གྱི་ཐུགས་ཀྱི་དམ་བཅའ་དྲན་བསྐུལ་ ཞུས་པ་ལ་བརྟེན་ནས་བསམ་བཞིན་དྲེགས་པའི་སྐུར་བཞེངས་པ་དང༌། དེ་ཡང་འབྲས་སྤུངས་ཆོས་རྭར་ཞུགས་འབུལ་ཞུས་སྐབས་དུ་བ་རྐང་གསུམ་སྤོས་བཙུགས་པ་ ལྟར་གནམ་དུ་སོང་བ། དེར་གསོལ་དཔོན་ནས་ཞུ་བསྐུལ་བྱས་པར་གསང་ཕུར་སོང་ནས་བསེ་ཁྲབ་ལ་རྒྱབ་རྟེན་ བཅོལ་ཚུལ་སོགས་གཞི་རྩ་མེད་པའི་ལོ་རྒྱུས་མང་དག་ཅིག་འཁོད་ཡོད། གཤམ་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་སྦྱར་ཏེ་གྲགས་རྒྱན་གྲོངས་སྟངས་སྐོར་ལ་དཔྱད་ པ་ཕྲན་བུ་བྱས་ན།
རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་སྤྱི་ལོ་༡༦༥༦ལོར་གྲགས་རྒྱན་གྲོངས་སྐབས་ འབྱུང་པོ་ཞིག་གིས་རྒྱུད་བརླམས་ཡོད་ཚུལ་ྋགོང་ས་ལྔ་པ་ཆེན་པོས་མགོན་པོའི་རྗེས་ གནང་སྩལ་སྐབས་གཟིགས་ཡོད་པ་བཞིན། འབྱུང་པོ་དེས་གྲགས་རྒྱན་གྱི་རྒྱུད་དཀྲུགས་པའམ། འབྱུང་པོ་དེ་གྲགས་རྒྱན་དུ་བརྫུས་པའམ། ཡང་ན་གྲགས་རྒྱན་རང་ཉིད་བསམ་བཞིན་དྲེགས་པར་སྐྱེས་པ་གང་ལྟར། གྲགས་རྒྱན་འདས་རྗེས་གཟིམ་ཁང་གོང་དུ་དམ་སྲི་གདུག་པ་ཅན་ཞིག་བྱུང་བ་ཡོངས་གྲགས་ ཡིན། ྋགོང་ས་ལྔ་པ་ཆེན་པོའི་«རང་རྣམ་དུ་ཀུ་ལའི་གོས་བཟང་»ནང༌། ད་ ལམ་ཅིས་ཀྱང་འགྲོ་དགོས་ཞེས་ཇའི་སང་སྡེ་པ་བརྒྱུད་དེ་གསུངས་པ་མཚམས་ལ་ཧར་འདོན་ བྱས་ཏེ་གཟིམས་ཁང་གོང་དུ་ཕྱིན། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ་ཀྱང་འབྱུང་པོ་ཞིག་གིས་བརླམས་པའི་ ཐུགས་དྲན་མི་ཟིན་འདུག་པས་ཕན་ཐོགས་མེད་པའི་ཚེས་བཅུ་གསུམ་གྱི་ཚ་རྟིང་ཁར་ཞིང་ བརྗེས་གནང༌། སྔ་དྲོ་སྔར་མ་གྲགས་ཀྱི་གཉིད་ལ་འགྲོ་བའང་དེ་ནུབ་རྗེས་གནང་བྱེད་དགོས་པའི་ གདོན་གྲིབ་ཀྱི་ལྷོངས་སུ་འདུག འཇམ་དཀར་གྱི་བསྙེན་པ་བར་ཆད་ཀྱི་དབང་དུ་སོང་བས་འཕྲོ་བཤོལ།༣༣ ཅེས་གྲགས་རྒྱན་གྲོངས་སྐབས་འབྱུང་པོ་ཞིག་གིས་རྒྱུད་བརླམས་ཡོད་ཚུལ་གྱི་གཟིགས་ སྣང་བྱུང་བ་དང༌། ཉིན་དེར་དེ་སྔོན་བྱུང་མྱོང་མེད་པའི་གདོན་གྲིབ་ཀྱི་འཚུབ་ལྟས་བྱུང་བའི་རྐྱེན་ གྱིས་ྋལྔ་པ་ཆེན་པོས་འཇམ་དབྱངས་དཀར་པོའི་བསྙེན་པའང་འཕྲོ་བཤོལ་དགོས་པ་བྱུང་ ཚུལ་དང༌། ཡང༌། ཟླ་བ་ལྔ་པའི་ནང་དུ་སྡེ་པ་གོང་དཀར་དུ་གོ་བརྩི་སོགས་ ཀྱི་ཐུགས་བྲེལ་གཅོད་པར་ཕེབས་ཐོག་ཉིན་གཅིག་གཟིམས་ཆུང་ནང་དུ་ཐུགས་དྲན་མེད་ལ་ ཇ་ཡུན་གཅིག་ཙམ་སོང་བས་ཐོག་མར་བྱང་ངོས་ནས་ཀྱིས་གཙོས་ཚང་མ་རྡབས་འུར་གྱི་རྣམ་ པས་སྐུ་མི་འཚོ་བར་ཐག་བཅད་པའི་གནས་ཚུལ་སྐྱེལ་བའི་སྟ་གོན་གྱི་སྐབས་སླར་སྐུ་ བསོས་པས་དེ་གའི་གཏམ་སྙན་གྱི་ཕྱག་བྲིས་དང་བཅས་སྲུང་བ་ལེན་མི་བྱུང་བར་ཟ་ཡིག་ དང་སྐུ་ལ་འདོགས་རྒྱུ་གང་ཟབ་ཕུལ།༣༤ ཞེས་གྲགས་རྒྱན་གཤེགས་པའི་སྔ་རྗེས་སུ་ྋལྔ་པ་ཆེན་པོ་མཆོག་དང༌། སྡེ་སྲིད་བསོད་ནམས་རབ་བརྟན་གཉིས་ལ་གདོན་གྲིབ་ཀྱི་འཚུབ་ལྟས་བྱུང་ཚུལ་དང༌། ལྷག་པར་སྐབས་དེར་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ། ཆོས་སྐྱོང་ཆེན་པོས་སྤྲུལ་པའི་སྐུའི་པུར་བཞུའི་དུས་ཉེ་སྐོར་དུ་བསྡད་ན་མི་འགབ་པས་པོ་ཏ་ལར་སོང་གསུངས་པ་བཞིན་ཉེར་གཉིས་ལ་འོངས༣༥ ཞེས་གྲགས་རྒྱན་གྱི་སྐུ་གདུང་ཞུགས་འབུལ་སྐབས་སུ་ྋགོང་ས་མཆོག་ཉེ་སྐོར་དུ་ བཞུགས་ན་མི་ལེགས་པའི་ཞུ་བསྐུལ་དང༌། དེ་རྗེས་སླར་ཡང་གཟིམ་ཁང་གོང་གི་སྐུ་གདུང་མཆོད་རྟེན་རྐྱེན་གྱིས་སྡེ་སྲིད་ལ་ འགོང་འདྲེའི་གནོད་ཚབས་ཡོད་པས། སྐུ་གདུང་མཆོད་རྟེན་ནང་ཙིར་སྒྲ་སོགས་ལྟས་ངན་དུ་མ་མཐོང་སྣང་བྱུང་བས་མཐར་སྐུ་ གདུང་མཆོད་རྟེན་ལྷུ་ཕྲལ་ཏེ་བཤིག་དགོས་བྱུང་བའི་སྐོར་«རང་རྣམ་» ལས། ཆོས་ སྐྱོང་ཆེན་པོས་སྡེ་པར་འདྲེ་སྣ་ཟུག་པའི་གཟིམ་ཁང་གོང་གི་མཆོད་རྟེན་རྣམས་གཞན་ དུ་སྤོ་དགོས་ཚུལ་ལོ་སྔ་མ་སྟོད་ལུང་ཆུ་ཚན་ལ་བྱོན་སྐབས་དགེ་བརྐོས་གཉིས་ བརྒྱུད་དེ་ལབ་པ་ཡིན་ཀྱང༌། དངུལ་གདུང་ཚོ་ཕྲལ་ནས་འཇོག་པ་ཙམ་ལས་མ་སྤོས་པའི་སྐྱོན་གྱིས་ནད་གཞི་ཆུག་པ་ཡིན། ད་ཆ་འཚུབ་ཆེར་སོང་བས་གཟིམ་ཁང་གོང་སྤོ་དགོས་གསུང་པར་རྒྱལ་རྫོངས་ལྟ་བུས་གོ་ ཆོད་པའི་ཁང་པ་བཤིག་མ་དགོས་པ་ཡོང་མི་ཡོང་གི་གླེང་གཞི་མང་དུ་བྱུང་བ་དང༌། བདེན་མ་བདེན་ཇི་ལྟར་ཀྱང་མཆོད་རྟེན་བརྒྱད་པོ་མ་ཕྲལ་བའི་སྐབས་མཆོད་རྟེན་ནང་ ནས་སྐད་དང་ཙི་ར་བརྒྱབ་ཟེར་བས་མཚོན་པའི་རྣམ་རྟོག་འདྲེར་ལངས་ཀྱི་ཁ་ཚོན་མ་ཆོད་ པས་སྐུ་ཆས་ཚོ་སྟོད་ལུང་མདའ་དང༌། ཤིང་ཆ་རྣམས་ཤར་ཆུ་སྦུག་ཏུ་བསྐྱལ། གཟིམ་ཁང་བཤིག་ཤུལ་དུ་གྲྭ་ཚང་གི་ཁྲོ་རོལ་སླང་གང་མ་ཞིག་དང་གྲྭ་ཚང་གསུམ་ནས་ བསྡུས་པའི་དགེ་འདུན་བརྒྱ་སྐོར་གྱིས་གསུང་རབ་བསྒྲགས།༣༦ ཞེས་གསལ་བ་ལྟར། གྲགས་རྒྱན་འདས་རྗེས་དངུལ་གདུང་མཆོད་རྟེན་བཞེངས་པ་དེའི་ནང་ནས་མཚན་མོ་ཙིར་ སྒྲ་གྲགས་པ་དང༌། གཟིམ་ཁང་གོང་དུ་གཟུགས་མེད་ཀྱི་སྒྲ་འདོན་པ་སོགས་འཚུབ་ལྟས་མང་པོ་བྱུང་བ། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་སྟངས། འདུས་གྲྭ་སྤྱི་དམངས་ཁྲོད་དུ་རྙམ་རྟོག་འདྲེ་ལངས་ཀྱི་སྦིར་གཏམ་མཆེད་པ་བཅས་ལ་ བརྟེན། སྐུ་གདུང་མཆོད་རྟེན་ལྷུ་ཕྲལ་ཏེ་གྲགས་རྒྱན་གྱི་པུར་ཐལ་ཆུར་བསྐུར་དགོས་བྱུང་ བ་གཙང་ཆུའི་བཞུར་རྒྱུད་ལྷོ་ཁ་དོལ་ཆུ་མིག་དཀར་མོ་ཞེས་པར་བུད་པ་མི་ཞིག་གིས་ བླངས་པས་ས་ཁུལ་དེའི་མི་ཕྱུགས་ལ་གོད་ཆག་དང་ངན་ལྟས་མང་པོ་བྱུང་བར་གྲགས་པས། ྋགོང་ས་ལྔ་པ་ཆེན་པོས་ཐོག་མར་ཁུལ་དེར་འདྲེ་ངན་དེ་འཁོར་ཆགས་བྱེད་སའི་རྟེན་ཁང་ བརྩིགས་པ་དེར་གནས་པའི་རྒྱལ་འགོང་དེར་དོལ་རྒྱལ་ཞེས་པའི་མིང་ཐོགས། ཕྱིས་སུ་ཆོས་རྒྱུད་ཁག་གི་སྐྱེས་ཆེན་རྣམ་པས་རྒྱལ་འགོང་འདིར་མིང་འདོགས་འདྲ་ མིན་བྱུང་བ་དཔེར་ན། དཔལ་ས་སྐྱ་ངོར་ཆེན་འདི་ལ་རྨོར་ཆེན་ཞེས་ཀྱང་འབྱུང༌།ཀུན་དགའ་ལྷུན་གྲུབ་ཀྱི་ སློབ་བརྒྱུད་རྣམས་ཀྱིས་དཀོར་བདག་དང༌། རྒྱལ་འགོང༌། འབྱུང་པོ། དམ་སྲི། གསོན་འདྲེ། ཤི་འདྲེ་སོགས་སུ་འབོད། སྨིན་གླིང་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་དམ་སྲི་གདུག་པ་ཅན་ཞེས་དང༌། པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་གིས་གདུག་འདྲེ་དང་མཁའ་ལ་རྒྱུ་བའི་ ཡི་དྭགས་ཞེས་འབོད། དགའ་ལྡན་ཁྲི་ཐོག་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་རྒྱལ་འགོང་གདུག་པ་ ཅན་ཞེས་དང༌། ཕུར་ལྕོག་ངག་དབང་བྱམས་པས་འདྲེ་ཞེས་འབོད་ལ། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་གྱིས་ཨ་སྲས་འཁྱམ་པོ་ཞེས་གྲགས་ རྒྱན་གད་ཁ་སའི་ལགས་ཨ་རྒྱལ་གྱི་སྲས་སུ་འཁྲུངས་པས་ཨ་སྲས་དང༌། འཇིག་རྟེན་པའི་དྲེགས་པར་སྐྱེས་རྗེས་བདག་པོ་རྒྱག་མཁན་མ་བྱུང་བར་གང་སར་འཁྱམས་ བསྡད་པས་འཁྱམ་པོ་ཞེས་ཐོགས། ལྷ་ཆེན་ཚངས་པ་དང་བཀྲ་ཤིས་ཚེ་རིང་མས་རྒྱ་འདྲེ་ཞེས་འབོད། ལྷ་ས་སྤང་ལུང་རི་ཁྲོད་དུ་ཁོག་རློམ་བྱེད་མཁན་ཡོད་པས་སྤང་ལུང་རྒྱལ་ཆེན་སོགས་ སུ་འབོད། |