༢༠༠༨ ལོའི་གཞིས་སྡོད་བོད་མིའི་ཞི་རྒོལ་ཆེན་མོ་དང་རྒྱ་གཞུང་གིས་དྲག་གནོན་བྱས་པའི་གནས་ཚུལ་སྤྱི་བཤད། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༤༩ པའི་ཉིན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ སུ་གཞི་རྒྱ་ཆེ་ལ་དོན་སྙིང་ལྡན་པའི་ཞི་རྒོལ་ཤུགས་ཆེ་ཞིང་། དུས་ཡུན་ཁྱོན་ལོ་ངོ་གཅིག་མ་ཟིན་ཙམ་རིང་རྒྱུན་མཐུད་དུ་བྱུང་ཡོད། ཞི་རྒོལ་བྱུང་བའི་ཐེངས་གྲངས་ལ་མཚོན་ན། ཧ་ཅང་མང་བ་སྟེ། དཔེར་ན་རྒྱ་ནག་ཤིན་ཧྭ་གསར་ཁང་རང་གིས་ཕྱི་ཟླ་གསུམ་པའི་ཚེས་ ༡༠ ནས་ ༢༥ བར་ངོ་རྒོལ་ཐེངས་ ༡༥༠ བརྒལ་བ་བྱུང་ཚུལ་བཤད་ཡོད་པས། དེ་ལྟར་ན་ཉིན་གྲངས་ ༡༥ རིང་ཉིན་རེར་ཆ་སྙོམས་ ཞི་རྒོལ་ཐེངས་ ༡༠ ལྷག་བྱུང་ཡོད་པ་རེད། དེ་བཞིན་ཕྱི་ཟླ་ ༨ ཚེས་ ༡ ཉིན་རྒྱ་ནག་གི་དམག་འཛུགས་དུས་ཆེན་མཛད་སྒོའི་ཚོགས་ ཆེན་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དམར་ཤོག་དྲུང་ཆེ་ལི་ཁྲང་ཕིང་ གིས་ཟླ་ ༧ ཚེས་ ༣ བར་དཀར་མཛེས་ཁུལ་དུ་མེས་རྒྱལ་ཁ་བྲལ་གྱི་ལས་འགུལ་བསྡོམས་ ༡༥༠ ལྷག་བྱུང་ལུགས་བརྗོད་ཡོད། དེའི་བསྟན་དོན་ནི་དཀར་མཛེས་ས་ཁུལ་དུ་ཆ་སྙོམས་ཉིན་རེར་ངོ་རྒོལ་གྱི་དོན་ རྐྱེན་༡་༣༠རེ་བྱུང་ཡོད་པ་འདི་དག་ནས་རོབ་ཙམ་ཚོད་དཔག་ཐུབ་ངེས་ཡིན། བོད་མིའི་ཞི་རྒོལ་གཞི་རྒྱ་ཆེ་ཤོས་ཀྱི་སྐབས་སུ་མང་ཚོགས་ ༡༠༠༠༠ ལྷག་འཛོམས་ཡོད་པ་དང༌། ཉུང་བའི་སྐབས་སུ་བོད་མི་༡ ལས་མེད་པའང་བྱུང་ཡོད། ཞི་རྒོལ་ནང་ཞུགས་མཁན་ལ་མཚོན་ན། གྲྭ་པ་དང་བཙུན་མ། སྔགས་པ། སྤྱི་ཚོགས་ནང་གནས་བབ་དང་གུས་བརྩི་ཡོད་པ འི་བླ་སྤྲུལ་དང་མཁན་པོ། དགེ་བཤེས། མཁན་ཟུར། ཞིང་པ་དང་འབྲོག་པ། དགེ་རྒན་དང་སློབ་ཕྲུག གཞུང་གི་ལས་བྱེད་པ་དང་ལས་བཟོ་བ། ཏང་ཡོན་དང་འགོ་ཁྲིད། སྨན་པ་དང་སྒྱུ་རྩལ་བ། གྲོང་མི་དང་གྲོང་གསེབ་པ། ལོ་རྒན་བརྒྱད་ཅུ་ཡོལ་བ་དང་ན་ཆུང་རང་ལོ་ ༡༢ ཀྱང་མ་སོན་པ། འབྱོར་ལྡན་ཕྱུག་པོ་དང་འབྱོར་མེད་དབུལ་བོ་སོགས་ཚང་མས་མཉམ་ཞུགས་བྱས་ཡོད་པ་ དང༌། ས་ཆའི་ཁྱབ་ཁོངས་ལ་མཚོན་ན། བོད་རང་སྐྱོང་ལྗོངས་ཞེས་པ་དང༌། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་མདོར་ན་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་ལ་བྱུང་བ་མ་ཟད། རྒྱ་ནག་གི་རྒྱལ་ས་པེ་ཅིང་གཙོས་རྒྱ་ནག་རང་གི་ས་གནས་ཁག་ཏུའང་བོད་རིགས་སློབ་ ཕྲུག་མང་པོས་ཞི་རྒོལ་བྱས་ཡོད། ཞི་རྒོལ་བྱེད་སྟངས་ལ་མཚོན་ན། རྔམ་སྟོན་ཁྲོམ་སྐོར་བྱེད་པ་དང་འཕྲེད་དར་འཁྱེར་བ། ཞི་བའི་གོམ་བགྲོད་བྱེད་པ། རང་གིས་རང་ལ་གྲི་བརྒྱབ་པ། འུ་ཐུག་ནས་རང་སྲོག་དོར་བ། ཟས་བཅད་བྱེད་པ། སྦྱར་ཡིག་སྦྱོར་བ། ལས་དོན་རུ་ཁག་གི་མདུན་དུ་དངོས་སུ་ཐོན་ཏེ་ངོ་རྒོལ་བྱེད་པ། ཞིང་ལས་མཚམས་འཇོག་བྱེད་པ། སྣུམ་འཁོར་གྱི་སྐྱེལ་འདྲེན་མཚམས་འཇོག་བྱེད་པ། རྒྱལ་གཅེས་ རིང་ལུགས་ཀྱི་སློབ་གསོ་ལ་དང་ལེན་མི་བྱེད་པ། ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་ཁས་ལེན་མི་བྱེད་པ་སོགས་ཚུད་ཡོད་ཅིང༌། རྒྱ་ནག་ གཞུང་གིས་ཆེད་མངགས་བོད་མིར་བརྫུས་ཏེ་འཁྲུག་རྐྱེན་བསླངས་ནས་དྲག་པོའི་ངོ་བོར་ བསྒྱུར་བའི་ལས་འགུལ་རེ་ཟུང་ལས། ད་ཕན་བྱུང་བའི་ངོ་རྒོལ་གྱི་བརྒྱ་ཆ་ ༩༩ ཡོངས་སུ་འཚེ་མེད་ཞི་བ་ཆགས་ཡོད། ཞི་རྒོལ་གྱི་སྐད་འབོད་གཙོ་བོ་ཁག་ནི། བོད་རང་བཙན་ཡིན་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བརྟན་དགོས་པ། ྋགོང་ས་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ནང་རང་དབང་དགོས་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ། ྋཔཎ་ཆེན་ཆུང་སྲིད་རིན་པོ་ཆེ་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་ གྲོལ་གཏོང་དགོས་པ། རྒྱ་མི་བོད་ནས་ཕར་འགྲོ་དགོས་སྐོར་སོགས་རེད། ཕྱི་ལོ་༢༠༠༨ཟླ་༤ཚེས་༩ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ ཞི་བྱམས་པ་ཕུན་ཚོགས་ཀྱིས་པེ་ ཅིན་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག ད་བར་བོད་ལྗོངས་ཉེན་རྟོག་ལས་ཁུངས་ཀྱིས་མི་སྣ་༩༥༣བཀག་ཉར་བྱས་ཡོད་པ་དང༌། དེའི་ཁྲོད་༤༠༣ མི་མང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཆོག་མཆན་ལྟར་འཛིན་བཟུང་བྱས་ཤིང༌། ༣༦༢ མགོ་བཏགས་ཞུས་ལུགས་བཤད་ཡོད། ཕྱི་ཟླ་ ༤ ཚེས་ ༩ ཉིན་ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ མའོ་ཧྲན་ཝུ་ཡིས་གཙོས་གྲོང་ཁྱེར་དུ་ཕྱི་རྒྱལ་གསར་ལམ་ཁག་ལ་གསར་འགོད་གསལ་ བསྒྲགས་ཤིག་སྤེལ་སྐབས། ཕྱི་ཟླ་ ༣ ཚེས་ ༡༤ ནས་ ༡༩ བར་ཀན་ལྷོ་ཁོངས་བསང་ཆུ་རྫོང་དང༌། གཙོས་གྲོང་ཁྱེར། ཀླུ་ཆུ་རྫོང་། རྨ་ཆུ་རྫོང༌། ཅོ་ནེ་རྫོང་། ཐེ་བོ་རྫོང་བཅས་རྫོང་དང་གྲོང་ཁྱེར་ཁག་དྲུག་ལ་ངོ་རྒོལ་གྱི་ལས་འགུལ་བྱུང་བ་ དང༌། བསྡོམས་ཁང་པ་ ༤༢༧༩ འཕྲོག་བཅོམ་དང་མེ་སྲེག་བཏང་ཡོད་ཚུལ། སྣུམ་འཁོར་ ༧༤ དང༌། ཆུ་གློག་སྒྲིག་བཀོད་ ༦༢༢ འཐུང་ཆུ་སྒྲིག་བཀོད་ ༥༩༠ ཚ་གློག་སྒྲིག་བཀོད་ ༢༧༨ བཅས་རྡུང་གཅོག་བྱས་ཡོད་སྐད་བཤད་པ་མ་ཟད། ཕྱི་ཟླ་ ༤ ཚེས་ ༨ བར་ཀན་ལྷོ་ཁུལ་ནས་བསྡོམས་མི་གྲངས་ ༤༣༢ འཛིན་བཟུང་བྱས་ཡོད་ལ། མི་གྲངས་༢༢༠༠ལྷག་གིས་གཞུང་ལ་མགོ་བཏགས་ཞུས་པ། དེའི་ཁྲོད་གྲྭ་བཙུན་བསྡོམས་༥༡༩ཡོད་ལུགས་བརྗོད་ཡོད། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཞའོ་ཡུག་ཚའེ་ཞེས་པས་གསར་ འགོད་གསལ་བསྒྲགས་ཤིག་སྤེལ་སྐབས། ཕྱི་ཟླ་༣ཚེས་༡༦ ཉིན་ཀིརྟི་དགོན་པའི་གྲྭ་པ་འགས་འགོ་འཁྲིད་དེ་རྔ་རྫོང་དུ་ངོ་རྒོལ་སྣ་མང་སྤེལ་ བ་དང༌། དེའི་ཁྲོད་ཚོང་ཁང་༢༤དང༌། སྤྱི་བདེ་ཉེན་རྟོག་མངགས་གཏོང་ཁང་༢ ཉེན་རྟོག་པའི་སྣུམ་འཁོར་དང་དམངས་སྤྱོད་སྣུམ་འཁོར་ ༨༡ བཅས་མེ་བསྲེག་བཏང་ཡོད་ཚུལ། གཞུང་གི་ལས་བྱེད་དང་ཉེན་རྟོག་མི་སྣ་༢༠༠ལྷག་ལ་རྨས་སྐྱོན་ཕོག་སྟེ། རྡུ ང་གཅོག་འཕྲོག་སྲེག་བྱས་པ འི་གྱོང་གུད་དེ་ཧ་ལམ་རྔ་བ་རྫོང་གི་འདས་པའི་མི་ལོ་བཅུ་ལྷག་གི་ཡོང་འབབ་སྤྱི་ ལས་ལྷག་པ་གྱུར་ཡོད་ལུགས་བརྗོད་ཡོད་པ་དེ་དག་གི་ཐོག་ནས། ཞི་རྒོལ་བྱུང་ཐེངས་དང་གཞི་རྒྱ་ཆེ་ཆུང༌། འཛིན་བཟུང་བྱས་པའི་གྲངས་འབོར་སོགས་རོབ་ཙམ་མཁྱེན་ཐུབ་ངེས་ཡིན། ཞི་རྒོལ་བ་དེ་ཚོར་རྒྱ་ནག་གཞུང་གིས་ལས་བྱེད་པ་མངགས་ཏེ་ཁོང་ཚོའི་སེམས་གཏིང་ གི་རེ་འདུན་དང་དཀའ་ངལ་ལ་ཉན་ཙམ་ ཡང་མ་བྱས་པར།་ལམ་སེང་དྲག་ཆས་ཉེན་རྟོག་པ་དང་དམག་དཔུང་བཏང་སྟེ་ཁྲག་དྲི་བྲོ་ བའི་དྲག་གནོན་བྱས་ཏེ་དམར་གསོད་དང༌། གྲི་གཙགས་བརྒྱབ་པས་མཚོན་ཉེས་རྡུང་ཚད་མེད་བཏང་ནས་འཛིན་བཟུང་བཙོན་འཇུག་བྱེད་ ཀྱི་ཡོད་པ་རེད། དེ་འདྲའི་དྲག་རྡུང་ཁྲོད་འདི་ནས་ཤེས་རྟོགས་བྱུང་བ་ལྟར་ན་ད་ཕན་ཉུང་མཐར་བོད་ མི་༢༡༩ ཙམ་རྐྱེན་འདས་སུ་བཏང་བ་དངོས་ར་འཕྲོད་ཡོད་པ་དང༌། འཛིན་བཟུང་བཙོན་འཇུག་བྱས་པ་ཉུང་མཐར་ ༦༧༠༥ རྨས་སྐྱོན་ཕོག་པ་ ༡༢༩༤ ལྷག་བྱུང་ཡོད་པ་རེད། དེ་བཞིན་བོད་རང་སྐྱོང་ལྗོངས་ཞེས་ པ་གཅིག་པུའི་ཁོངས་དངོས་སུ་ཁྲིམས་ཐག་བཅད་པ་མི་གྲངས་༧༦ལྷག་དང༌། ཁམས་དང་ཨ་མདོ་ཁུལ་དུ་ཐོག་མར་གསང་བའི་ཁྲིམས་ཐག་བཅད་པ་དང༌། དེ་རྗེས་ལོ་དུས་རྒྱས་བཅད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དང་གཅོད་བཞིན་པའང་ད་ དུང་རྒྱུན་ཆད་མེད་པས་ཚོད་རྩིས་དཀའ་ཡང་ད་བར་བོད་མི་ ༢༨༦ ལྷག་ལ་ཁྲིམས་ཐག་བཅད་ཟིན་ཡོད་པ་རེད། བོད་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ཞི་རྒོལ་ཐེངས་མང་གཅིག་རྗེས་གཉིས་མཐུད་དུ་ བྱུང་འཕྲལ། རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཡུལ་སྐོར་བ་དང་གསར་འགོད་པ་ཡོངས་རྫོགས་བོད་ཁུལ་ནས་ ཕྱིར་ཕུད་ཐོག དམག་དཔུང་དང་དྲག་ཆས་ཉེན་རྟོག་པ་ཁྱོན་ཆེ་བཏང་སྟེ། རྣམ་པ་བསྒྱུར་བའི་དྲག་པོའི་བཀག་རྒྱ་བསྡམས་པ་དང༌། བོད་མིའི་ཁྱིམ་ཚང་རེ་རེ་བཞིན་སྒོ་བཤེར་གྱིས་གང་བྱུང་བསྔོག་བཤེར་ དང་འཛིན་བཟུང་བྱས་དང་བྱེད་བཞིན་པའི་ཐོག རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞེས་པ་སྤེལ་ཏེ་བཙན་ཤེད་ཀྱི་སྒོ་ནས་ྋགོང་ས་ མཆོག་ལ་མཚན་སྨད་དང་གུང་ཁྲན་ཏང་ལ་བསྟོད་གླུ་ལེན་འཇུག་གི་ཡོད་པ་དང༌། བོད་ཁུལ་ཡོངས་ཀྱི་དགོན་པ་དང་ཁྲོམ་གཞུང་ཁག་ཏུ་སོ་མྱུལ་པར་ཆས་བཙུགས་པའི་
"
གནམ་ དྲྭ་ཡི་ལས་གཞི་
"
ཞེས་པ་ཞིག་ཨོ་ལིམ་ཕིག་གི་རྗེས་སུ་ཤུགས་ཆེར་སྤེལ་ཏེ། བོད་མི་རྣམས་ཀྱི་ ཉིན་རེའི་འགྲོ་སྐྱོད་ལ་བལྟ་ཞིབ་ནན་པོ་བྱས་དང་བྱེད་བཞིན་པ་མ་ཟད། བོད་མི་ཞི་རྒོལ་བ་ཆེས་མང་པོ་ཞིག་ལ་རྡུང་གཅོག་འཕྲོག་སྲེག་གི་ ཉེས་མིང་འོག་ཚེ་བཙོན་སོགས་ཀྱི་ཁྲིམས་ཐག་མུ་མཐུད་གཅོད་བཞིན་པ་དང༌། ༢༠༠༩ལོའི་ནང་སྔར་ལོ་ལས་ལྷག་པའི་དོན་རྐྱེན་འབྱུང་ཉེན་ གྱི་དོགས་གཞིའི་འོག་རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་སུ་ཉིན་རེ་ བཞིན་དམག་དཔུང་འཕར་སྣོན་བཏང་སྟེ་དམ་བསྒྲགས་ཆེ་རུ་བཏང་ནས་རྡུང་རྡེག་ཚ་ནན་ གྱི་ལས་འགུལ་ཤུགས་ཆེན་སྤེལ་བཞིན་པ། འདི་ལོའི་
"
དཔྱིད་གསར་དུས་ཆེན་
"
ཞེས་པ་དང་བོད་ས་གླང་ལོའི་ལོ་གསར་སྐབས་སྔར་དང་ མ་འདྲ་བའི་དགའ་སྟོན་སྤྲོ་སྐྱིད་ལ་འབད་དགོས་པ། དམིགས་བསལ་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ནས་བོད་ ཀྱི་ཡར་ལངས་ཞིང་བྲན་ཁྲི་ཚོ་བརྒྱ་ལྷག་ལ་བཅིངས་འགྲོལ་ཐོབ་པ་དང༌། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ཏེ་མི་ལོ་ ༥༠འཁོར་བའི་དུས་ཚིགས་གཏན་འབེབས་ཀྱིས་བོད་མི་ཡོངས་ནས་དགའ་སེམས་འཁོལ་བའི་ རྟེན་འབྲེལ་ཞུ་དགོས་སྐོར་སོགས་གཞིས་བྱེས་བོད་མི་ཡོངས་ཀྱི་མངོན་འདོད་ལ་སྙིང་ ཚིམས་ལྟ་བུས་བྱེད་སྟངས་འདི་དག་གང་ལ་བལྟས་ཀྱང་བོད་ནང་གི་ ཛ་དྲག་གི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་རེད། ད་དུང་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་མཉམ་འབྲེལ་ རྒྱལ་ཚོགས་ཀྱིས། མནར་གཅོད་ཐོག་མཁས་པའི་ཚོགས་ཆུང་གིས་བཏོན་པའི་བོད་དོན་དང་འབྲེལ་བའི་སྙན་ཐོར་ ངོས་ལེན་མེད་པའི་ལན་འདེབས་གསལ་བཤད་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཁུལ་དུ་ཟླ་༣ པའི་ཞི་རྒོལ་ནས་བཟུང་མནར་གཅོད་འོག་བོད་མི་འདས་གྲོངས་ཕྱིན་པའི་སྐོར་ངོས་ལེན་ བྱས་མེད་པ་རེད། ཡིན་ནའང་བོད་ནང་ རྒྱ་ནག་གཞུང་གི་སྤྱི་བདེ་མི་སྣ་དང་དྲག་ཆས་ཉེན་རྟོག་པ་དེ་ཚོས་བོད་མི་ཞི་ རྒོལ་བར་མུ་མཐུད་རྡུང་རྡེག་མནར་གཅོད་བཏང་སྟེ་བོད་མི་འདས་གྲོངས་སུ་འགྲོ་ མཚམས་ད་དུང་ཆད་མེད་པ་ཞིག་ཡིན། གཤམ་གསལ་གྱི་གནས་ཚུལ་འདི་དག་ནི་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ནས་བཟུང་བོད་གངས་ཅན་པའི་དོན་གྱི་བདག་པོ་གཞིས་སྡོད་ཆོལ་གསུམ་བོད་མི་རྣམས་ ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་གཞི་རྒྱ་ཆེ་ལ་དོན་སྙིང་ ལྡན་པའི་ལས་ འགུལ་སྤེལ་གནང་བ་རྣམས་ལ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་ བསྐྱེད་མཚོན་ཕྱིར་དང༌། ཁོང་རྣམས་ཀྱི་བྱས་རྗེས་རྣམས་ཇི་སྲིད་བསྐལ་པ་མ་སྟོང་བར་སུབ་མེད་རྡོ་ལ་རི་མོ་ བརྐོས་པ་ཇི་བཞིན་ས་སྟེང་འདིར་གནས་ཐབས། གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་བཙན་བྱོལ་བོད་གཞུང་ལ་ཡིད་ཆེས་བློ་གཏད་ བཅོལ་ནས་གནས་ཚུལ་ཁུངས་སྤྲོད་བྱས་པ་རྣམས་ཆུད་ཟོས་སུ་མི་འགྲོ་བ། གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་སྙིང་སྟོབས་དང༌། རྒྱ་གཞུང་གི་བྱ་སྤྱོད་ངོ་མ་བཅས་མཁྱེན་རྟོགས་ཆེད་གནས་ཚུལ་རྣམས་ཕྱོགས་ བསྒྲིགས་དགོས་སྐོར་བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ལས་འགུལ་ ཚོགས་ཆུང་གི་ཐག་གཅོད་དགོངས་དོན་ལྟར་འགན་ཁུར་རིམ་ཞུས་ཀྱིས་མཐར་སྤྱི་འཐུས་ རྒྱུན་ལས་ཆབ་སྲིད་སྡེ་ཚན་ནས་འདི་གར་བོད་གཞུང་མང་ཛ་དྲག་ ལས་འགུལ་ཚོགས་ཆུང་དང༌། སྤྱི་འཐུས་རྒྱུན་ལས་བཅས་སུ་འབྲེལ་ཡོད་ཁག་ནས་སྔ་ཕྱིར་གནས་ཚུལ་ཕུལ་འབྱོར་ བྱུང་བ་རྣམས་གཞི་ལ་བཞག་སྟེ་གནད་དོན་འདི་དང་འབྲེལ་བའི་བདེ་སྲུང་བོད་གནས་ཉམས་ ཞིབ་ཀྱི་རྒྱུ་ཆ་ཁག་དང༌། སྤྱི་སྒེར་སོ་སོས་བཏོན་པའི་གནས་ཚུལ། ཕྱི་ནང་གི་གསར་འགོད་པ་རྣམ་པས་སྐབས་དུས་སོ་སོར་སྤེལ་བའི་གསར་འགྱུར་ཁག་བཅས་ ལའང་གོ་བསྡུར་དང་དཔྱད་ཞིབ་གང་ཐུབ་བྱས་རྗེས་གནས་ཚུལ་ཁ་མཐུན་མིན་བྱུང་བ་དང༌། ཐོག་མར་ཆེས་ཛ་དྲག་པའི་སྐབས་འབྱོར་བའི་གནས་ཚུལ་ཁ་གསལ་མེད་པ་རྣམས་ས་ བབ་རྒྱུས་མངའ་ལྡན་པའི་འབྲེལ་ཡོད་མི་སྣ་སོ་སོར་བསྐྱར་འདྲི་དང་འབྲེལ་ཡོད་རང་ གཞུང་གི་སྡེ་ཚན་ལའང་ལམ་སྟོན་ཞུས་ཏེ་བཀོད་ཡོད་པས་ཀློག་མཁན་རྣམ་པས་ཀྱང་དེ་ ལུགས་ཐུགས་འཇགས་དགོས་རྒྱུ། ས་གནས་ཁག་ལ་མི་གྲངས་མང་པོས་སྡེབ་གཅིག་ཏུ་ཞི་རྒོལ་ གནང་བ་དང་འཛིན་བཟུང་བྱས་པ་རྣམས་ཀྱི་མི་མིང་ཆ་ཚང་འབྱོར་སོན་མ་བྱུང་བར་བརྟེན་ མིང་ཐོ་འབྱོར་བ་རྣམས་ཀྱང་རེ་རེ་བཞིན་འགོད་རྒྱུ་བྱུང་མེད། འོན་ཀྱང་དེའི་ཁོངས་རྐྱེན་འདས་སུ་ཕྱིན་པ་དང་ཁྲིམས་ཐག་བཅད་ཟིན་པ་རྣམས་ཀྱི་ མིང་དང་ལོ་རྒྱུས་སོགས་ཞིབ་ཆ་གང་ཐུབ་བྱས་ནས་བྲིས་ཡོད་ཅིང༌། ས་གནས་ཁག་ཏུ་མི་རེ་རེ་བཞིན་ངོ་རྒོལ་གནང་མཁན་རྣམས་ཀྱི་མིང་སོགས་བཀོད་གང་ཐུབ་ ཞུས་ཡོད། ད་དུང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་སུ་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ ཟེར་བའི་ལས་འགུལ་སྤེལ་ནས་བོད་མི་རྣམས་ཀྱིས་དང་ ལེན་བྱས་མེད་པ་ཡོངས་གྲགས་ཡིན་ཀྱང་ཡུལ་དུས་གནས་སྐབས་ཀྱི་ཆ་རྐྱེན་ལ་ལྟོས་ནས་ གནས་ཚུལ་ཞིབ་ཕྲ་འདིར་འབྱོར་སོན་མ་བྱུང་བ་ཁག་དང༌། དེ་དང་དེ་འདྲ་བའི་གནས་ཚུལ་མང་པོ་ཞིག་འདིར་ཚུལ་བཞིན་འཁོད་ཐུབ་མེད་པ། དུས་དེ་རིང་ལ་ཐུག་གི་བར་དུ་བོད་ ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དུ་ཆགས་མེད་པ་དང༌། གཞིས་སྡོད་བོད་མིའི་ཞི་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་སོགས་ཀྱི་གནས་ ཚུལ་ཁ་གསལ་མཁྱེན་རྟོགས་ཡོད་མཁན་གང་ན་སུ་ཡོད་པ་རྣམས་ཀྱིས་ལམ་སྟོན་དང་ལེགས་ སྤེལ་ཉེས་འགོག་ལྷུག་རྩོལ་གནང་བའི་རེ་བ་ཡོད། ང་ཚོས་ཀྱང་གཞུང་འབྲེལ་གྱི་གནས་ཚུལ་ནང་མུ་མཐུད་འགོད་ཐབས་ཞུ་རྒྱུ་ཡིན།
<
<
བོད་མིའི་སྐྱིད་སྡུག་མཉམ་མྱོང་
>
>
ཞེས་བའི་དཔེ་དེབ་ལས་དྲངས།