བདུན་ཚིགས་བཞི་པ་སྲུང་གཙི། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱུད་སྟོད་མཁན་རིན་པོ་ཆེ་དབུ་བཞུགས་ཐོག ཉེ་ཆར་བོད་ནང་བོད་མིའི་བདེན་མཐའ་སེད་ཆེད་རང་ལུས་མེར་གསྲེགས་ཀྱིས་འདས་གྲོངས་སུ་ཕྱིན་པའི་བོད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྣམས་ཀྱི་ཆེད་བདུན་ཚིགས་སྨོན་ལམ་བཞི་པ་དེ་བཞུགས་སྒར་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༡༡ སྟེ་མདོ་སྨད་ཆོལ་ག་དང་། དབུས་གཙང་ཆོལ་ཁ།༼ཚོགས་སྐྱིད་གཉིས།༽ མདོ་སྟོད་ཆོལ་ཁ།༼ཚོགས་སྐྱིད་གཉིས།༽ ཆོལ་གསུམ་ཆིལ་བསྒྲིལ་ཚོགས་པ། བོད་རྒྱལ་ཡོངས་ཆབ་སྲིད་བཙོན་ཟུར་ཚོགས་པ། དབུ་མའི་ལམ་ལས་འགུལ་ཁང་། བཞུགས་སྒར་ཁུལ་གྱི་ཚོང་ཁང་སྐྱིད་སྡུག བཞུགས་སྒར་ཁུལ་བཞུགས་ཟ་ཁང་སྐྱིད་སྡུག དྷ་ས་དང་བླངས་མི་མང་བཅས་ཀྱིས་གོ་སྒྲིག་འོག སྲུང་གཙི་བྱས་ཡོད། ཕྱི་ལོ་༢༠༡༡ལོའི་ཟླ༡༡ཚེས་༥ཉིན་གྱི་ཞོགས་པའི་ཆུ་ཚོད་༩པའི་སྟེང་། བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ཁག་ཁང་དུ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་མཁན་རིན་པོ་ཆེ་བསྟན་འཛིན་བྱམས་མཆོག་དབུ་བཞུགས་ཐོག ངྷ་སའི་ཉེ་འཁོར་དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་དང་། ས་གནས་མང་ཚོགས་བཅས་ཁྱོན་མི་འབོར་ ༡༠༠༠ ལྷག་འདུ་འཛོམས་བྱས་ཏེ། བོད་རྒྱལ་གཅེས་དཔའ་བོར་ཚོར་རྗེས་དྲན་མཆོད་འབུལ་རྒྱ་ཆེན་ཞིག་བྱས་ཏེ་བདུན་ཚིགས་བཞི་བར་ཁེལ་བར་བྱས་ནས་སྨོན་ལམ་ཚོགས་འགྱེད་སོགས་གནང་པའི་སྐོར། མདོ་སྨད་དབུས་སྤྱི་ཁྱབ་ཁང་གི་ཚོགས་གཞོན་རྨ་ཆུའི་མགོན་པོ་དོན་གྲུབ་ལགས་ཀྱིས་བརྗོད་དོན། “ ཕྱི་ལོ་༢༠༠༨ལོ་ནས་བོད་ནང་བོད་མི་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ལྷག་པར་དུ་འདི་ལོའི་ཕྱི་ཟླ་༣པ་ནས་བོད་ཨ་མདོ་རྔ་པ་དང་། ཁམས་དཀར་མཛེས་དང་རྟའུ་ཁུལ་དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བཅས་སུ་སྔ་ཕྱིར་བོད་མི་རྣམས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ད་ལྟའི་ཆར་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད། ང་ཚོས་འདས་པོ་དེ་དག་ལ་ཚེ་ཕྱི་མར་དལ་འབྱོར་ལུས་རྟེན་ཞིག་འཐོབ་ཐུབ་པ་དང་། ཤུལ་ལུས་ནང་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཡིན” ཞེས་བརྗོད་སོང་།