Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
 
བོད་གནས་གསར་འགྱུར།

ཨ་མདོ་རྔ་པ་ནས་མཁའ་དབྱིངས་ལགས་སྐུ་གྲོངས་འདུག

ཟླ་འདིའི་ཚེས་༧ ཉིན་རང་ལུས་མེར་བསྲེག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་མཁའ་དབྱིངས་ལགས་ རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ཟླ་འདིའི་ཚེས་༨ ཉིན་གྲོངས་ཡོད་པ་དང། ཤི་བོའི་རྗེས་འཇུག་ཆེད་གྲྭ་པ་གདན་འདྲན་ཞུ་རྒྱུ་སོགས་ལ་ཡང་རྒྱ་ནག་གཞུང་གིས་ དམ་དྲག་བྱེད་ཀྱི་ཡོད་འདུག

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༠ ཉིན་གནས་ཚུལ་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༨ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཀྱི་དུས་ཚོད་དང་པོ་ཡོལ་ཙམ་ལ་རང་ལུས་མེར་སྲེག་ བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ ལགས་རྔ་པ་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་གཟི་བརྗིད་ལྡན་པའི་ངང་སྐུ་ཚེ་མ་ཟིན་ པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་ཅིང་། འབྲེལ་ཡོད་མི་མང་གིས་དམ་པ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱེད་དགོས་ཚུལ་ གྱི་རེ་འདུན་ཤུགས་ཆེ་བཏོན་ཡང་རྒྱ་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་ཉིན་ དེ་རང་ལ་འབར་ཁམས་ནས་ཁོང་གི་སྐུ་ཕུང་མེར་སྲེག་བཏང་ནས་རུས་ཐལ་ཞིག་ནང་མིར་ སྤྲད་ཡོད་འདུག

གོང་གསལ་རང་ལུས་མེར་སྲེག་གིས་ངོ་རྒོལ་དོན་རྐྱེན་དེའི་སྐོར་རྒྱ་ནག་གཞུང་ འབྲེལ་གྱི་ཤིན་ཧ་དྲ་བའི་ཐོག་ཕྱི་ཚེས་ ༨ ཉིན་གནས་ཚུལ་བཀོད་པར་ཁོང་གཉིས་ཀར་སྲོག་གི་ཉེན་ཁ་མེད་པར་མ་ཟད། རྨས་སྐྱོན་ཕོག་པ་ཚབས་ཆེན་མིན་ཚུལ་ཡང་བཤད་ཡོད་འདུག

རྔ་པ་མི་མང་གིས་ཕྱི་ཚེས་ ༨ དང་ཚེས་ ༩ ཚེས་ ༡༠ བཅས་ཉིན་གསུམ་གྱི་རིང་རྔ་པ་རྫོང་ཁོངས་ཀྱི་བོད་ཀྱི་ཟ་ཁང་དང་ཚོང་ཁང་ཡོངས་ རྫོགས་སྒོ་བརྒྱབས་ནས་ཉེ་ཆར་བྱུང་བའི་རང་ལུས་མེར་སྲེག་གི་ལས་འགུལ་ཚང་མ་ལ་ གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་ཅིང་། ལྷག་པར་དུ་ཕྱི་ཚེས་ ༧ ཉིན་བྱུང་བའི་དོན་རྐྱེན་ཁྲོད་རྒྱལ་གཅེས་དཔའ་བོ་མཁའ་དབྱིངས་ལགས་འདས་གྲོངས་ སུ་གྱུར་པར་བརྟེན། མི་མང་ཕལ་མོ་ཆེས་དགོན་པ་ཁག་ལ་བསྔོ་བསྟེན་ཕུལ་བ་དང་། ཕྱག་སྐོར་མཆོད་འབུལ་བྱེད་པ་སོགས་ཀྱིས་ཉིན་གསུམ་རིང་མྱ་ངན་དང་དགེ་སྒྲུབ་ ཀྱིས་དུས་འདའ་བར་བྱས་ཡོད་ལ། ནང་མིས་དགེ་སྒྲུབ་བྱེད་བཞིན་ཡོད་ཀྱང་དགེ་འདུན་པ་ལྔ་ལས་མང་བ་ལྷན་གཅིག་ལ་གདན་ འདྲེན་ཞུ་མི་ཆོག་ཚུལ་བརྗོད་ནས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣ་བཅུ་གྲངས་ཤིག་ གིས་གསོང་པོ་ཚང་སྲུང་བྱ་དམ་པོ་བྱས་ནས་ཡོད་པ་དང་། དེ་སྔོན་རྒྱལ་གཅེས་དཔའ་བོ་ཕུན་ཚོགས་ལགས་སྐུ་གཤེགས་སྐབས་ཀྱི་གདུང་སེམས་མཉམ་ བསྐྱེད་དང་མྱ་ངན་གུས་འདུད་བྱེད་པ་ལྟ་བུའི་རྣམ་འགྱུར་བསྟན་ན་རེ་རེ་བཞིན་ འཛིན་བཟུང་བྱེད་ཀི་ཡིན་ཚུལ་བརྗོད་ནས་རྔ་པ་མི་མང་ཁོང་ཚང་ལ་སེམས་གསོ་བྱེད་པར་ གཏོང་གི་མེད་པ་དང་། མཐའ་བ་གོང་མ་དམིགས་བསལ་གྱིས་དམ་དྲག་ཤུགས་ཆེན་པོ་བྱེད་མུས་ཡིན་འདུག

ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་མི་ཚང་དེར་ཆོས་སྦྱིན་ལ་ ཕེབས་རྩིས་ཀྱིས་མཐའ་བ་གོང་མའི་སྡེ་འདབས་སུ་སླེབས་སྐབས། མཐའ་བ་གོང་མའི་སྡེ་མི་རྒན་པ་སྐོར་ཞིག་ཚུར་ ཡོང་ནས་དགེ་འདུན་པ་རྣམས་མ་ཕེབས་རོགས་གྱིས། གལ་སྲིད་ཕེབས་པ་ཡིན་ན་ཁོང་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་ཚུལ་ཞུས་ཡོད་ པར། དགེ་འདུན་པ་རྣམས་ཕར་ཁོང་ཚང་ལ་མ་ཕེབས་པར་ས་གནས་དེ་ག་རང་ལ་བཞུགས་ནས་མ་ཎི་དང་ བསྔོ་བ་སྨོན་ལམ་གསུངས་ནས་ཆོས་སྦྱིན་གནང་ཡོད་འདུག


རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་བཙན་བཀའ་བཏང་དོན་དེ་སྔོན་རང་ལུས་ མེར་སྲེག་གིས་ངོ་རྒོལ་གནང་མཁན་ཚང་མ་དགོན་པའི་སྐྱིད་སྡུག་ནས་གནས་དབྱུངས་ གཏོང་དགོས་ཚུལ་བརྗོད་པར་དགོན་པ་གཞུང་སྒེར་གཉིས་ཀྱིས་ངོས་ལེན་རྩ་བ་ནས་མ་གནང་ བར་མཐའ་གཅིག་ཏུ་ངོ་རྒོལ་བྱས་པར་བརྟེན་དོན་འཁྱོལ་བྱུང་མེད་ནའང་། རྗེས་སུ་དེ་ལྟར་བྱུང་དུས་དགོན་པའི་སྐྱིད་སྡུག་ནས་གནས་དབྱུངས་གཏོང་དགོས་ཚུལ་ གྱི་བཙན་བཀའ་བཏང་ཡོད་པར་མ་ཟད། དེ་དོན་གྱི་ཡི་གེའི་ཐོག་དགོན་པ་གཞུང་གི་ཐེལ་རྩེ་འགོད་དགོས་ཚུལ་ཡང་ཡང་ནན་ བརྗོད་བྱེད་བཞིན་ཡོད་འདུག


རྒྱལ་གཅེས་དཔའ་བོ་ཆོས་འཕེལ་གྱིས་རང་ལུས་མེར་སྲེག་མ་བཏང་བའི་གོང་གི་ ཉིན་ཤས་ནང་ཁོང་གིས་མི་མང་པོར་ད་ལྟའི་གནས་སྟངས་འདིས་ང་ཚོ་བཟོད་དཀའ་བའི་གནས་ སུ་བརྫང་གི་ཡོད་ཚུལ་དང་། དགེ་འདུན་པ་རྣམས་ཀྱིས་བོད་སྤྱི་བའི་རྩ་དོན་ཆེད་རང་སྲོག་བློས་གཏོང་གནང་གི་ ཡོད་ཚུལ་སོགས་ཡང་ཡང་གསུངས་ཡོད་འདུག དེ་བཞིན་ཁོང་གི་འཐབ་གྲོགས་མཁའ་དབྱིངས་ལགས་མ་གྲོངས་གོང་སྨན་ཁང་ནས་ངས་འདི་ ལྟར་རང་སྲོག་བོད་དོན་ཆེད་གཏོང་ཐུབ་པ་དེས་རང་ཉིད་འདོད་པ་ཁེངས་པ་བྱུང་ཡོད་ ཅིང་།  འགྱོད་པ་རྩ་བ་ནས་མེད་པས་ཚང་མས་སེམས་སྡུག་མ་གནང་རོགས་ཞེས་ཁ་ཆེམས་ལྟ་བུའི་ སྐད་ཆ་གསུངས་ཡོད་པ་རྔ་པའི་མི་མང་ནང་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་ཡོད་འདུག

དེ་ མིན་འདི་ནས་ཡར་བརྩིས་པའི་ཉིན་ཤས་རིང་རྔ་པའི་རྫོང་མཁར་སོགས་ལ་ར་མའི་སྐེ་ལ་ བོད་དོན་གྱི་ཡི་གེ་བཏགས་ནས་ཐེངས་མང་བཏང་ཡོད་པར། ཉེན་རྟོག་པ་རྣམས་ཀྱིས་ར་མ་ཡང་འཛིན་བཟུང་བྱེད་ཀྱིན་ཡོད་འདུག་པ་སོགས་དགོད་ བྲོ་བའི་གཏམ་བརྒྱུད་མང་པོ་ཡོང་གི་ཡོད་འདུག

ཕྱི་ཟླ་ ༡༠ ཚེས་ ༣ ཉིན་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་སྐལ་བཟང་དབང་ཕྱུག་ལགས་ རྔ་པ་རྫོང་མི་མང་སྨན་ཁང་དུ་ཡོད་ཀྱང་ད་ལྟ་ནས་ཉེན་རྟོག་པ་སོགས་ཀྱིས་འདྲི་ གཅོད་སྣ་ཚོགས་བྱས་ཏེ་གཅར་རྡུང་མནར་གཅོད་མི་སྤྱོད་ལས་འདས་པ་གཏོང་གི་ཡོད་ འདུག་ཅེས་རྡ་རམ་ས་ལ་ནས་གནས་ཚུལ་སྤེལ་ཡོད་པ་རེད།