༄༅།། རྒྱ་ནག་གཞུང་གིས་བོད་ཡུལ་སྤྱི་དང༌། ལྷག་པར་ཨ་མདོ་རྔ་པ་ཀིརྟི་དགོན་པའི་ཐོག་དམ་དྲག་ཤུགས་ཆེ་བྱས་དང་བྱེད་བཞིན་པར་ མ་ཟད། དགེ་འདུན་པ་རྣམས་དགོན་པ་ནས་ཕྱིར་འབུད་དང་བཙོན་འཇུག་བྱས་ཏེ་དགོན་པ་རྩ་མེད་ བཟོ་ཐབས་བྱེད་ཀྱི་ཡོད། རྔ་པ་ཀིརྟི་དགོན་པ་ནི་བོད་མདོ་སྨད་ལྷོ་རྒྱུད་ཁུལ་དུ་ཡོད་པའི་དགེ་ལུགས་པའི་ དགོན་པ་ཞིག་ཡིན། ཕྱི་ལོ་ ༡༨༧༠ ལོར་ྋསྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་འཕྲིན་ལས་ དཀོན་མཆོག་བསྟན་པ་རྒྱ་མཚོ་དཔལ་བཟང་པོ་མཆོག་གིས་ཕྱག་བཏབ་ཅིང༌། མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་སློབ་གཉེར་གནང་བའི་གྲྭ་ཚང་བཞི་སྟེ་མཚན་ཉིན་ གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང༌། དུས་འཁོར་གྲྭ་ཚང༌། སྨན་པ་གྲྭ་ཚང་བཅས་ཡོད། ད་ཆ་དགེ་འདུན་ཞལ་གྲངས་ ༢༥༠༠ ལྷག་ཡོད་པས་བོད་ནང་གི་དགོན་པ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ཕྱི་ལོ་ ༡༩༣༥ ལོར་རྒྱ་ནག་གི་དམར་དམག་རྒྱང་བསྐྱོད་སྐབས་རྔ་པ་ས་ཁུལ་དུ་རྒྱ་དམག་ཐེངས་གཉིས་ སླེབས་ཏེ་རྔ་པ་མི་མང་ལ་སྔར་བྱུང་མ་མྱོང་བའི་མུ་གེ་ཐེངས་དང་པོ་བྱུང་བ་ནས་ བཟུང་དམངས་གཙོའི་བཅོས་བསྒྱུར་དང༌། རིག་གནས་གསར་བརྗེ། རྒྱལ་གཅེས་ཆོས་གཅེས་ཟེར་བ་སོགས་ཀྱི་ལས་འགུལ་སྔ་ཕྱི་རིམ་པའི་སྐབས་བོད་མི་ སེར་སྐྱ་མང་པོ་དམར་གསོད་དང༌། གཅར་རྡུང༌། བཙོན་འཇུག ངལ་རྩོལ་མནར་གཅོད་ཚད་མེད་འོག་རང་ཤི་དང་ལྟོགས་ཤི་ཐེབས་པ་སོགས་ཡ་ང་བའི་ལོ་ རྒྱུས་ཀྱིས་བོད་མི་རྣམས་ཀྱི་སེམས་ལ་རྨ་ཁ་གཏིང་ཟབ་པོ་ཞིག་བཟོས་ཡོད། ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་རྒྱ་ཆེན་ པོ་སྤེལ་སྐབས་རྔ་པ་ཀིརྟི་དགོན་པས་གཙོས་རྔ་པ་རྫོང་གི་སེར་སྐྱ་མི་མང་རྣམས་ ཀྱིས་ཞི་བའི་ངོ་རྒོལ་བྱས་པར་རྒྱ་དམག་གིས་དྲག་གནོན་བྱས་ཏེ་ཉིན་གཅིག་ལ་བོད་ མི་ ༢༠ ལྷག་དམར་གསོད་བཏང་ཞིང༌། བོད་མི་ཤིན་ཏུ་མང་པོ་འཛིན་བཟུང་བཙོན་འཇུག་བྱས། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་པེ་ལགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཆེད་ རང་ལུས་མེ་སྲེག་བཏང་སྟེ་ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་དམག་གིས་གྲྭ་བཀྲ་པེ་ ལགས་ལ་མེ་མདའ་འཕངས་ནས་རྨས་སྐྱོན་ཚབས་ཆེན་བཟོས་པར་མ་ཟད་འཛིན་བཟུང་བྱས་ཏེ་ད་ བར་ཤི་གསོན་གང་ཡིན་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད། ཉེ་ཆར་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་ཕུན་ཚོགས་ལགས་ཀྱིས་བོད་བསྟན་སྲིད་རང་དབང་ཆེད་ རང་ལུས་ལ་མེ་བསྒྲོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ནས་བཟུང་རྔ་པ་ཀིརྟི་ དགོན་གྱི་མཐའ་ཡོངས་སུ་རྒྱ་དམག་གིས་བསྐོར་ཏེ་དམ་དྲག་བཙན་གནོན་བྱས་དང་བྱེད་ མུས་ཡིན་པ་དང༌། ཕྱི་ཟླ་ ༤ ཚེས་ ༢༢ ཐོ་རངས་གྲྭ་པ་ ༣༠༠ ལྷག་དུས་གཅིག་ཏུ་ས་གནས་གཞན་དུ་བཙན་ཁྲིད་བྱས་པར་མ་ཟད་ད་དུང་ཡང་མུ་མཐུད་ནས་ བཙན་ཁྲིད་བྱེད་མུས་ཡིན་ཞིང༌། ཉིན་མཚན་ཀུན་ཏུ་མཚོན་ཆ་ཐོགས་པའི་དམག་མིའི་སྐོར་སྲུང་དམ་དྲག་འོག་རང་དབང་སྤུ་ ཙམ་མེད་པའི་གནས་སུ་ལྷུང་བར་མ་ཟད། རྒྱ་ནག་གཞུང་གིས་དགོན་པ་འདི་ཉིད་རྩ་མེད་བཟོ་བའི་སྲིད་བྱུས་ངན་པ་འཆར་གཞི་ ལྡན་པའི་ངང་ལག་ལེན་བསྟར་བཞིན་ཡོད་པས། གྲྭ་པ་ ༢༥༠༠ ལྷག་ཡོད་པའི་བཤད་སྒྲུབ་བསྟན་པའི་བསྟི་གནས་ཀྱི་དགོན་པ་ཆེན་པོ་ཞིག་རྩ་མེད་ སོང་ཚེ། དེ་ནི་རྔ་པ་ཀིརྟི་དགོན་པ་དང་འབྲེལ་ཡོད་རྔ་པ་ས་ཁུལ་ཙམ་མ་ཟད། བོད་གངས་ཅན་པ་ཡོངས་དང་འཛམ་གླིང་གི་ནང་པ་ཡོངས་ཀྱི་གྱོང་གུད་ཚབས་ཆེན་ཞིག་ཡིན། རྔ་པ་ཀིརྟིའི་དགོན་པ་དང་དམིགས་བསལ་འབྲེལ་ཡོད་ང་ཚོ་རྒྱ་གར་རྡ་རམ་ས་ལར་རྟེན་ གཞི་བྱས་པའི་ཀིརྟིའི་བྱེས་པ་གྲྭ་ཚང་དང་རྡོར་གླིང་སུ་ཁེ་ཀིརྟི་དགོན་པ་གཉིས་ མཉམ་འབྲེལ་གྱིས་སངས་རྒྱས་ཀྱི་བསྟན་པ་དང་དེ་འཛིན་པའི་ཆོས་བྱེད་དགེ་འདུན་གྱི་ སྡེ་སྤྱི་དང༌། ལྷག་པར་རྔ་པ་ཀིརྟི་དགོན་པ་ཆགས་འཇིག་གི་མཚམས་ནས་སྐྱོབ་ཐབས་ཆེད་རྡ་ས་ནས་ལྡི་ ལི་བར་སེར་སྦྲེངས་སྙན་སྐུལ་སྨོན་ལམ་བྱེད་ཀྱི་ཡོད། ང་ཚོས་སེར་སྦྲེངས་སྙན་སྐུལ་སྨོན་ལམ་དང་ཆབས་ཅིག་རྒྱལ་སྤྱི་དང་རྒྱ་ནག་གཞུང་ བཅས་ལ་དགོས་འདུན་དོན་ཚན་གསུམ་གྱི་རེ་འབོད་ཞུ་བཞིན་ཡོད། ༡༽ ཞི་བདེ་དང་དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་དང༌། སྲིད་གཞུང༌། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག ལྷག་པར་དུ་སྟོན་པ་དང་བསྟན་པ་གཅིག་པའི་འཛམ་གླིང་ཤར་ནུབ་ཀྱི་ནང་པ་ཡོངས་ཀྱིས་ རྔ་པ་ཀིརྟི་དགོན་པ་རྒྱ་ནག་གི་དྲག་གནོན་འོག་ནས་མྱུར་དུ་སྐྱོབ་ཐབས་ཀྱི་ཛ་དྲག་ ལས་འགུལ་གཞི་རྒྱ་གང་ཆེ་སྤེལ་རོགས་གནང་ཞེས་ཛ་དྲག་གི་འབོད་སྐུལ་ཞུ་བཞིན་ཡོད། ༢༽ ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་རྒྱ་ནག་གི་བཙོན་འོག་ཏུ་ཡོད་པའི་ བོད་མི་བཙོན་པ་སྤྱི་དང་ལྷག་པར་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བརྩོན་ འགྲུས་དང་བློ་བཟང་དར་རྒྱས་སོགས་རྔ་པ་ས་ཁུལ་གྱི་བོད་མི་བཙོན་པ་རྣམས་མགྱོགས་ མྱུར་གླློད་གྲོལ་གཏོང་དགོས། ༣༽ རྒྱ་ནག་གཞུང་ནས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་དང༌། སྨྲ་བརྗོད་རང་དབང༌། ལྷག་པར་ཆོས་དད་རང་དབང་གི་ཐོབ་ཐང་ཡོངས་སུ་སྤྲད་དེ་རིས་སུ་མ་ཆད་པའི་དགོན་སྡེ་ གྲྭ་ཚང་ཁག་གིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་བྱེད་སྒོ་ཁག་རང་དབང་གི་ སྒོ་ནས་གནང་ཆོག་པ་དགོས་རྒྱུ་བཅས་ཀྱི་རེ་འདུན་ནན་པོ་ཞུ་བཞིན་ཡོད་ལགས་ན། ཞི་བདེ་དང་དྲང་བདེན་ལ་དགའ་བའི་གཞུང་སྒེར་དང་ཕྱི་ནང་མི་རིགས་ཡོངས་ཀྱིས་ང་ ཚོར་བདེན་པའི་རྒྱབ་སྐྱོར་བླ་ན་མེད་པ་གནང་སྐྱོང་ཡོང་བ་ཞུ། ཐུགས་རྗེ་ཆེ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༢༢ ལ།
མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འདེན་བཀོད་བྱས།
|