Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
བོད་གནས་གསར་འགྱུར།
ཕྱི་ལོ༢༠༡༡ལོའི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་བོད་མདོ་སྨད་རྔ་པ་ནས་རང་ལུས་མེར་སྲེག་བཏང་སྟེ་ངོ་རྒོལ་བྱས་འདུག

ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་གྱི་ཕྱི་དྲོའི་བོད་ནང་གི་དུས་ཚོད་ ༤ ཙམ་ལ་ཕ་ཡུལ་རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་པ་ནས་ཡིན་པ་རྔ་པ་ ཀིརྟིའི་དགོན་གྱི་གྲྭ་ཕུན་ཚོགས། རང་ལོ་ ༢༠ ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཚེ་རིང་བཀྲ་ཤིས། ཁྱིམ་ཚང་མིང་ལ་ཇ་རུ་ཚང་ཡིན་པ་ཁོང་གིས་ཀིརྟིའི་དགོན་པའི་ཉེ་འདབས་ ཀྱི་ཁྲོམ་མགོ་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་ སྐད་འབོད་བྱས་ཤིང་དེ་མ་ཐག་ས་གནས་དེ་གའི་ཉེན་རྟོག་མི་སྣས་རྡུང་ རྡེག་དང་བཅས་ཏེ་མེ་བསད་ཡོད་མོད། མི་མང་དང་གྲྭ་པ་རྣམས་ཀྱིས་ཉེན་རྟོག་པའི་ལག་ནས་འཕྲོགས་ཏེ་ཡར་རྔ་པ་ ཀིརྟིའི་དགོན་པའི་ནང་ལ་ཁྱེར་བ་དང། དེའི་རྗེས་སུ་མི་མང་དང་གྲྭ་པ་ ༡༠༠༠ ལྷག་གིས་ངོ་རྒོལ་སྐད་འབོད་བྱས་ཏེ་ཁྲོམ་མགོ་ནས་སྤྱི་ལེ་ཕྱེད་མ་ཟིན་ ཙམ་གྱི་རིང་གོམ་བགྲོད་བྱས་འདུག་མོད། དེ་ནས་དམག་དཔུང་འབོར་ཆེན་སླེབས་ཏེ་ལྕགས་དབྱུག་དང་གློག་རྒྱུག གྲི་སོགས་ ཀྱིས་གཞུས་ནས་ཚང་མ་ཁ་འཐོར་བཏང་ཞིང་ ངོ་རྒོལ་བྱེད་ས་དེ་ནས་ལག་སོན་བྱུང་བའི་མི་མང་གང་མང་དང་ལྷག་པར་དུ་ གྲྭ་པ་མཐོང་ཚད་འཛིན་བཟུང་བྱས་འདུག རྒྱ་ལག་ཏུ་མ་ཤོར་བའི་མི་མང་དང་གྲྭ་པ་རྣམས་ཀྱི་ཁྲོད་རྨས་སྐྱོན་ཚབས་ ཆེན་ཕོག་པ་མང་པོ་ཡོད་འདུག རྔ་པ་རྫོང་ཐོག་གི་ཁྲོམ་གཞུང་དང་ཕྱོགས་ཡས་མས་སུ་ཐོན་སའི་ལམ་ཁ་ཡོངས་ རྫོགས་དམག་མིས་བཀག་སྡོམ་བྱས་ཏེ་བོད་པ་ཞིག་ཕྱི་ལ་ཐོན་ས་མེད་པ་ལྟ་ བུར་གྱུར་ཡོད། གྲྭ་ཕུན་ཚོགས་ལགས་ཡར་དགོན་པའི་ནང་ཁྲིད་ནས་སླེབས་སྐབས་ཕལ་ ཆེར་རེ་བ་མེད་པ་ལྟ་བུར་གྱུར་མོད། མཐའ་མའི་རེ་བ་ཙམ་བྱས་ཏེ་སྨན་ཁང་དུ་བསྟེན་གཏུག་བྱེད་པར་སོང་འདུག་ ལ། རྒྱ་གཞུང་གིས་ཆོག་མཆན་མེད་པར་སྨན་ཁང་དུ་འགྲོ་ཐབས་མེད་པར་བརྟེན། གཞུང་ལ་མགོ་བཏགས་ཞུས་ཏེ་སྨན་ཁང་དུ་སོང་འདུག་མོད། ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པ་ བོད་ནང་གི་དུས་ཚོད་ ༣་ ཙམ་ལ་ཚེ་སྲོག་གི་རྒྱུ་བ་ཡོངས་སུ་ཆད་ནས་འཇིག་རྟེན་འདི་དང་གཏན་དུ་ གྱེས་འདུག ཕྱི་ཚེས་ ༡༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༡ ཐོག་ད་དུང་སྐུ་ཕུང་ནང་མིར་སྤྲད་མི་འདུག བཤད་ཚོད་ལྟར་ན་ཁུལ་གྱི་དཔོན་པོ་ཞིག་ཡོང་གི་ཡོད་པས་དེ་ཐོན་ན་ ནང་མི་ལ་སྐུ་ཕུང་སྤྲོད་རྒྱུ་ཡིན་ ཚུལ་རྒྱ་གཞུང་གིས་བཤད་ཡོད་འདུག ཕྱི་ཚེས་ ༡༦ ཉིན་གྱི་དགོང་མོའི་དུས་ཚོད་ ༦ ཙམ་ལ་རྔ་པ་ཀིརྟིའི་དགོན་པའི་ནང་ནས་དགེ་ འདུན་པ་ ༡༥༠༠ ལྷག་གིས་དེ་རིང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་གྲོལ་གཏོང་དགོས་ ལུགས་བརྗོད་ནས་དགོན་པའི་གླིང་མདོའི་སྒོ་ཆེན་འགྲམ་བར་དུ་ཡོང་ཞིང། དེར་སླེབས་སྐབས་མི་སྐྱ་ཕོ་མོ་ ༣༠༠ ལྷག་གིས་དགེ་འདུན་པ་རྣམས་མར་རྫོང་ ཐོག་ལ་སོང་ན་ཉེན་ཁ་ཆེ་ཚུལ་བརྗོད་ནས་བཀག་འགོག་བྱསཔར་བརྟེན་ས་གནས་ དེ་ག་རང་ནས་ དེ་རིང་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་གྲོལ་མ་བྱས་པར་མི་འགྲོ་ ཟེར་ནས་བསྡད་ཅིང། དགོན་པའི་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་དང་དགེ་བསྐུལ་ སོགས་ཀྱིས་ས་གནས་རྒྱ་གཞུང་ལ་འབྲེལ་བ་བྱས་ཏེ་དགེ་འདུན་པ་རྣམས་ གློད་གྲོལ་གཏོང་རྒྱུ་བྱས་ཡོད་པས་གྲྭ་པ་དང་མི་མང་རྣམས་རང་སར་ འགྲོ་རོགས་གྱིས་ཞེས་ནན་སྐུལ་བྱས་རྐྱེན་དགོན་པའི་གླིང་དཀྱིལ་གྱི་ འདུ་ཁང་མདུན་ཐང་དུ་ཡར་ཕེབས་ནས་གྲྭ་པ་རྣམས་གློད་གྲོལ་མ་བྱས་བར་དུ་ མི་འགྲོ་ཟེར་ནས་མཎི་བགྲང་བཞིན་མཆོད་མེ་སྒྲོན་ནས་བོད་ནང་གི་མཚན་ མོའི་དུས་ཚོད་ ༡༡།༤༠ བར་བསྡད་འདུག སྐབས་དེར་དགོན་པའི་དགེ་འདུན་པ་བདུན་གློད་གྲོལ་བྱས་ཏེ་ཁོང་ ཚོའི་མདུན་དུ་རླངས་འཁོར་ནང་སླེབས་ཡོད་སྟབས་དགོན་པའི་ཆོས་ལུགས་དོ་དམ་ ཁང་གི་འགན་འཛིན་དང་དགེ་བསྐུལ་སོགས་ཀྱིས་རང་རང་སར་འགྲོ་རོགས་གྱིས་ ཞེས་སྐུལ་བ་ལྟར་སོང་ཡོད་འདུག གོང་གསལ་མི་བདུན་ནི་བཀྲ་ཤིས་(ཞིས་བཀྲ་)་དང། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཀོན་ཚེ། ཕ་ཡུལ་ཡུལ་ཤུལ་ནས་ཡིན་པའི་གྲྭ་དཔལ་ ལྡན། གཅའ་རུ་བའི་བཀྲ་ཤིས། ཆོས་རྗེ་མའི་སེང་གེ། ཁང་སར་མའི་བསྟན་ཚེ། དཀོན་མཆོག་ཚུལ་ཁྲིམས་བཅས་ཡིན་ཞིང། དེའི་ནང་ནས་བཀྲ་ཤིས་ཀྱི་མགོ་ལ་ལྕགས་ མདུང་གིས་གཞུས་རྐྱེན་རྨས་ལྕི་མོ་ཕོག་ཡོད་འདུག གོང་གསལ་གློད་གྲོལ་བྱས་པའི་དགེ་འདུན་པ་བདུན་གྱི་ནང་གི་མི་གསུམ་ཕྱི་ ཚེས་ ༡༦ ཉིན་འཛིན་བཟུང་བྱས་པ་མ་ཡིན་པར་དེའི་གོང་ལ་འཛིན་བཟུང་བྱས་པ་ཡིན་ པ་དང་གཞན་མི་བཞི་ཕྱི་ཚེས་ ༡༦ ཉིན་འཛིན་བཟུང་བྱས་པ་ཡིན་འདུག ཡང་དགེ་འདུན་པ་ཁ་ཤས་ཀྱིས་བརྗོད་ན་ད་དུང་དགེ་འདུན་པ་ ༢༠ ཡས་མས་བཀག་ཉར་འོག་ཡོད་ཚུལ་ཡང་བརྗོད་ཀྱིན་ཡོད་ཀྱང་རྒྱ་གཞུང་གིས་ ཀིརྟིའི་དགོན་པའི་མི་བདུན་མ་གཏོགས་མེད་ཚུལ་བརྗོད་ཡོད་འདུག ཡང་ཀིརྟིའི་དགོན་པ་མ་ཡིན་པའི་དགོན་པ་གཞན་ཁག་གི་དགེ་འདུན་པ་དང་མི་ མང་ནང་ནས་འཛིན་བཟུང་བྱས་པ་ཡང་མང་པོ་ཞིག་ཡོད་འདུག་པ་རྣམས་གློད་ གྲོལ་བཏང་མེད་འདུག ཕྱི་ཚེས་ ༡༦ ཉིན་དེ་ལྟར་ངོ་རྒོལ་སྐད་འབོད་བྱེད་དགོས་དོན་ནི་ཉིན་མོ་དེ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་རྔ་པ་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་མི་ལོ་ཧྲིལ་བོ་ གསུམ་ལོན་པའི་ཉིན་མོ་ཡིན་སྟབས་བོད་མི་ཚོས་རང་རང་གི་སེམས་ནང་གི་ སྡུག་བསྔལ་རྣམས་ཉིན་མོ་འདིར་ཕྱིར་བཏོན་ནས་རང་འགུལ་གྱིས་ལས་འགུལ་ སྤེལ་བ་ཞིག་ཡིན་འདུག ཕྱི་ཚེས་ ༡༦ ཉིན་གནས་ཚུལ་བྱུང་མ་ཐག་ནས་ཀིརྟིའི་དགོན་པའི་ལྕགས་རིའི་ཕྱི་ལོགས་ དམག་དཔུང་གིས་བསྐོར་ནས་དམ་བསྒྲགས་ བྱས་དང་བྱེད་མུས་ཡིན། དེ་རྗེས་རྔ་པའི་ཕྱོགས་ལ་བོད་ཕྱི་ནང་སོགས་འཛམ་གླིང་གི་ཡུལ་ གྲུ་མང་པོ་ནས་ཁ་པར་ཐེངས་མང་བཏང་ཡང་རེ་ཟུང་ཞིག་མ་གཏོགས་འཕྲོད་ཐུབ་ཀྱི་ མེད་པར་རྒྱུན་ལྡན་ལས་ལྷག་པའི་ཁ་པར་གཏོང་ཡོང་གི་བརྒྱུད་ལམ་བཀག་ བསྡོམས་བྱས་ཡོད་པར་མ་ཟད། དྲ་ལམ་ཡང་བཅད་ཡོད་འདུག་པས། དེ་ལས་ལྷག་པའི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ མ་བྱུང་། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ ཤེས་དང་ཀ་ཉག་ཚེ་རིང་གཉིས་ནས། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༧ ལ།