བོད་རྒྱལ་གཅེས་དཔའ་བོ་སངས་རྒྱས་རྒྱ་མཚོ་མཆོག་ནི་ཕྱི་ལོ༡༩༦༩ལོར་མདོ་སྨད་བླ་ བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འདབས་བསང་ཁོག་ཚོ་བདུན་ཞེས་པའི་འབྲོག་ཁྱིམ་ཞིག་ཏུ་ ཕ་མགོ་བྷ་དང་མ་བསོད་ལོ་གཉིས་ཀྱི་བུ་རུ་སྐྱེས། རང་ལོ་བཅུ་དྲུག་སྟེང་རབ་ཏུ་བྱུང་སྟེ་བླ་བྲང་དགོན་པར་ཆོས་སྒོར་ཞུགས། ཕྱི་ལོ༡༩༩༡ལོར་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་ དུ་ཞུགས་ཏེ་སློབ་གཉེར་བྱས་ཀྱང་ས་ཆུ་དང་གནམ་གཤིས་འཕྲོད་མིན་སོགས་ནད་མནར་གྱི་ དབང་གིས་ཕྱིར་ཕ་ཡུལ་དུ་མི་འགྲོ་ཐབས་མེད་བྱུང་། ཕྱི་ལོ་༢༠༠༨ལོའི་བོད་ཞི་བའི་སྒེར་ལངས་ཆེན་མོའི་སྐབས་བླ་བྲང་ཕྱོགས་ཀྱི་ཉིན་ དང་པོའི་གཙོ་གྲོས་སུ་ལངས་ནས་༼བོད་མིར་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། ཆོས་དད་རང་མོས་དགོས་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ་མི་རིགས་ཤིག་དང་རྒྱལ་ཁབ་ ཅིག་གི་བདེ་སྡུག་གི་འགན་དབང་རླབས་པོ་ཆེ་དེ་སྤོབས་སེམས་ཆེན་པོས་ཕྲག་ཏུ་བླངས་ པ་མ་ཟད། ཕྱི་ལོ་༢༠༠༨ལོའི་ཟླ་༤ཚེས་༩ཉིན་རྒྱལ་སྤྱིའི་གསར་འགོད་པ་བོད་ཀྱི་རྒྱལ་ས་ལྷ་ས་ དང་མདོ་སྨད་བླ་བྲང་དགོན་པར་འབྱོར་བའི་སྐབས་རྒྱ་གཞུང་གི་གཏུམ་དྲག་དང་སྡུག་ གཅོད་ལ་དཔའ་མ་ཞུམ་པར་བོད་མི་རིགས་ཀྱི་བདེན་མཐའི་ཆེད་དུ་དེར་བཞུགས་བོད་མི་ དག་གི་གཙོ་གྲོས་བྱས་ནས་བདེ་སྡུག་ལེགས་ཉེས་ཆ་ཚང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ གསལ་བོར་གཏོང་ཐུབ་ཡོད། དུས་དེ་ནས་བཟུང་དམ་པ་ཁོང་ལ་འདུག་སའི་གནས་དང་སྡོད་སའི་ཁྱིམ་མེད་པར་རྒྱ་གཞུང་གི་ མེ་མདའི་སོ་ནས་བྲོས་བྱོལ་བྱེད་དགོས་བྱུང་སྟེ་ལོ་དང་ཟླ་བ་རིམ་གྱིས་བསྐྱལ་ མཐར་སྐུ་གཟུགས་ནད་ཀྱིས་མནར་ནས་བཟོད་དཀའ་བའི་གནས་སུ་གྱར་ནའང་། འགྲོ་བ་མི་ཞིག་གི་ཐོབ་ཐང་ཀུན་ནས་མེད་པའི་ཁོང་ཉིད་སྨན་ཁང་སོགས་ལ་བརྟེན་གཏུག་ བྱེད་རྒྱུའི་ཐོབ་ཐང་དང་དབང་ཚད་མེད་པའི་རྐྱེན་གྱིས། ས་གནས་སྨན་ཁང་ཆུང་གྲས་ཁ་ཤས་ལ་བསྟན་ཀྱང་ཕན་པ་མ་བྱུང་བར་ཕྱི་ལོ་༢༠༡༡ལོའི་ཟླ༢
ཚེས་༢༦ཉིན་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ཚེ་འཕེན་པ་རྫོགས་འདུག་པའི་ཡིད་ སྐྱོའི་གནས་ཚུལ་དེ་གོ་མ་ཐག་འདི་ག་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དམ་ པ་ཁོང་ལ་གུས་བརྩི་ཆེ་མཐོང་གི་ཕྱིར་དུ་མདོ་སྨད་མི་མང་གི་ཚབ་བྱས་ནས་༸གོང་ས་སྐྱབས་མགོན་ཆེན་པོར་བསྔོ་རྟེན་ཧིན་སྒོར་༢༠༠:༠༠ཕུལ་བ་དང་། བཞུགས་ སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བརྟེན་མཆོག་སྤྱན་སྔར་མར་མེ་བརྒྱ་ཚར་ དང་། གསེར་ཀོང་ཚེ་འབར། དེ་བཞིན་ཕྱི་ལོ་༢༠༡༡ལོའི་ཟླ༢ཚེས་༢༨གྱི་ཞོགས་པར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ བསྔོ་སྨོན་རྒྱས་པ་ཞིག་འཚོགས་ཐུབ་ཡོད་ལ། ༼ཐེངས་འདིའི་དགེ་འདུན་པའི་སྐུ་ཡོན་ཆ་ཚང་ཧྥ་རན་སི་བོད་རིགས་སྤྱི་མཐུན་ཚོགས་ པའི་ཚོགས་གཙོ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གནང་སོན་བྱུང་བར་ཐུགས་རྗེ་ བླ་ལྷག་ཏུ་ཆེ་ཞུ།༽ མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།