"སྟོད་ལོག་ལ་བལྟས་ན་གྲྭ་བ་ཡིན་པ་འདྲ་པོ། ཁྱིམ་མི་ཡོད་པར་བལྟས་ན་སྐྱ་བོ་ཡིན་པ་འདྲ་པོ། དེ་འདྲའི་སྐྱ་མིན་སེར་མིན་ཚོ་ཡག་པོ་མ་རེད། ཡང་ན་གཙང་མ་ཞིག་བྱས་ཏེ། སྔར་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ། ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ན་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད། "ཅེས་༧གོང་ས་མཆོག་གིས་གསུངས་ཡོད། ཟླ་འདིའི་ཟླ་མགོ་ནས་༧གོང་ས་མཆོག་རྒྱ་གར་བྱང་ཤར་ལ་དྭགས་ཁུལ་དུ་མཛད་འཕྲིན་ སྐྱོང་གིན་ཡོད་པ་དང་། ཕྱི་ལོ་༡༩༦༦ལོར་༧གོང་ས་མཆོག་ལ་དྭགས་སུ་ཆིབས་སྒྱུར་ཐོག་མ་བསྐྱངས་ཡོད་པ་དང་། ཐེངས་འདི་ནི་ཆིབས་སྒྱུར་བསྐྱངས་ཐེངས་ ༡༦ པ་དེ་ཆགས་ཡོད་འདུག ཕྱི་ཚེས་ ༡༤ ཉིན་ལ་དྭགས་ནུབ་རྭར་ཆིབས་སྒྱུར་གྱིས་བྱིས་པ་ཉམ་ཐག་ཆེད་བཙུགས་པའི་འཇམ་དབྱངས་ སློབ་གྲྭ་སྒོ་འབྱེད་གནང་ཡོད་ལ། སློབ་གྲྭ་དེ་ནི་༧གོང་ས་མཆོག་གི་རོགས་དངུལ་ཐེབས་རྩའི་འོག་བཙུགས་པ་ཞིག་ཡིན་ཞིང་། སློབ་གྲྭའི་འཛིན་སྐྱོང་ལ་དྭགས་གླེ་རུ་ཡོད་པའི་ན་ལེནྡྲ་ནང་པའི་ཆོས་ཚོགས་ ཀྱིས་གནང་རྒྱུ་ཡིན་འདུག སློབ་གྲྭ་སྒོ་འབྱེད་སྐབས་༧གོང་ས་མཆོག་གིས་དེ་གའི་ལས་བྱེད་རྣམ་པར་འདི་གའི་ སློབ་ཕྲུག་ཚོར་བོད་པའི་ནང་ཆོས་དང་དེང་གི་ཚན་རིག་ཟུང་འབྲེལ་ཐོག་སློབ་སྦྱོང་ སྤྲོད་གལ་ཆེ་སྐོར་གསུངས་ཡོད། ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་ལ་དྭགས་རྒྱལ་ས་གླེ་ནས་ཐད་འཕུར་གནམ་གྲུ་བརྒྱུད་ཟངས་དཀར་དུ་ ཞབས་སོར་འཁོད་སྐབས། ས་གནས་རྫོང་དཔོན་གཙོས་པའི་སེར་སྐྱ་མི་དམངས་ཀྱིས་ལ་དྭགས་ཀྱི་ཁྱད་ཆོས་ལྡན་ པའི་གཟབ་མཆོར་སྤྲས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེའི་རྗེས་ཆོས་ཞུ་བ་ཉིས་ཁྲི་ལྔ་སྟོང་ ༢༥༠༠༠ བརྒལ་བར་བཀའ་སློབ་ཕེབས་དོན། "ཁྱེད་རང་ཚོ་རྒྱལ་བ་རིན་པོ་ཆེ་ལ་ཐུག་པ་དང་། ཆོས་ཉན་རྒྱུ་བྱུང་ན་ཡག་པོ་རེད་བསམ་ནས་ཡོང་ཡོད། ང་ལ་ཆ་བཞག་ན་ཁྱེད་རང་ཚོར་གདོང་བསྟན། ལག་པ་བཞག་ན་བྱིན་རླབས་ཐོབ་རྒྱུ་རེད་བསམ་ནས་ཡོང་བ་མིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུངས་པཎ་གྲུབ་བཅུ་བདུན་གྱིས་གཏན་ལ་ཕབ་པ། ང་ཚོ་བོད་གངས་ཅན་ལྗོངས་ཀྱི་རྩ་རྒྱུད་བླ་མ་བཀའ་དྲིན་ཅན་རྣམས་ཀྱིས་ཆོས་ཞེས་པ་ དེ་གང་འདྲ་ཡིན་པ་ང་ཚོར་ངོ་སྤྲོད་གནང༌བ་དེ་དག་མང་པོ་ཞིག་མི་ཤེས་ཀྱང་། ཕྲན་བུ་ཤེས་པ་དེ་ཁྱེད་རང་ཚོར་ངོ་སྤྲོད་དང་། ཁྱེད་རང་ཚོས་ཀྱང་གང་ཐུབ་ཀྱིས་ཉམས་ལེན་བྱས་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱེད་ལ་ཐར་པའི་ལམ་བསྟན་ཏེ། །ཐར་པ་རང་ལ་རག་ལས་ཤེས་པར་གྱིས། །ཅེས་གསུངས་པ་ལྟར། ངས་སངས་རྒྱས་ཀྱི་ཆོས་ངོ་སྤྲོད་བྱ་རྒྱུ་དེ་ལས་འགན་རེད། གཙོ་བོ་ཁྱེད་རང་ཚོས་ཉམས་ལེན་བྱ་དགོས་པ་རེད།" ཅེས་བཀའ་བསྩལ་ཡོད། ཐེངས་འདིར་ྋགོང་ས་མཆོག་ནས་ཟངས་དཀར་ཁུལ་གྱི་མཛད་འཕྲིན་གྲུབ་རྗེས། རྒྱལ་ས་གླེ་ཁུལ་གྱི་ཁ་ཆེའི་མང་ཚོགས་ནས་གདན་ཞུ་གསོལ་འདེབས་ཞུས་པར་ལྟར། ཁུལ་དེའི་ཁ་ཆེའི་ལྷ་ཁང་དུ་ཆིབས་སྒྱུར་གྱིས་ཉིན་གུང་གསོལ་ཚིགས་བཞེས་ཡོད་ལ། གླེ་ལྕོག་ལམ་གྱི་མཚན་ཉིད་སློབ་གྲྭ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་སྐུ་ མགྲོན་གཙོ་བོར་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༢༢ ཉིན་ལ་དྭགས་གླེ་རུ་ཉིན་བཞིའི་རིང་གི་གསུང་ཆོས་དབུ་འཛུགས་མཛད་ཡོད་པ་དང་། གསུང་ཆོས་ཀྱི་ཐོག་མར་རྒྱལ་དབང་ལྔ་བ་ཆེན་པོས་མཛད་པའི་ལམ་རིམ་འཇམ་དཔལ་ཞལ་ལུང་ དང་། མི་འཁྲུག་པའི་དབང་། དེ་བཞིན། ཉེ་ཆར་ཐའེ་ཝན་ནང་ཆུ་ལོག་གི་དོན་རྐྱེན་ཁྲོད་རྐྱེན་འདས་སུ་སོང་བ་དང་། ནད་མནར། གྱོང་གུད་ཕོག་རིགས་བཅས་ལ་དད་ལྡན་ཆོས་ཞུ་བ་ཡོངས་དང་ལྷན་དུ་ཐུགས་སྨོན་དང་ གསོལ་འདེབས་མཛད་ཡོད། སྐབས་དེར་༧གོང་ས་མཆོག་གིས་སངས་རྒྱས་ཆོས་ཚོགས་མའི་གོ་དོན་སྙིང་བསྡུས་ངོ་ སྤྲོད་གནང་དོན། སངས་རྒྱས་ཆོས་ཚོགས་མ་འདོན་རྒྱུ་འདི་ང་རང་ཚོས་བྱ་བ་གང་འདྲ་ཞིག་བྱས་པ་ཡིན་ ཡང་། བྱ་བ་དེ་ཕན་པའི་རང་བཞིན་ཅན་ཞིག་ལ་འགྲོ་དང་། བཏང་སྙོམས་ཞིག་ལ་འགྲོ གནོད་པའི་རང་བཞིན་ཅན་དུ་འགྲོ་སོགས་ཀུན་སློང་ལ་ཐུག་ཡོད། ཀུན་སློང་བཟང་པོས་ཕན་སེམས་ཡག་པོ་ཞིག་སྐྱེད་པ་ཡིན་ན། དེའི་ཐོག་ནས་གཞན་ལ་ཤ་ཚ་དང་སེམས་ཁུར་བླངས་ཏེ། ཚིག་རྩུབ་བྱས་པ་ཡིན་ན་འདྲ། ཀུན་སློང་གི་རྩ་བར་ཕན་སེམས་ཤིག་ཡོད་སྟབས། དགེ་བའི་བྱ་བ་ཡིན། ཡང་གནོད་པའི་བསམ་པའི་ཐོག་ནས་ཕ་རོལ་པོར་མགོ་སྐོར་གཏོང་རྒྱུ་དང༌། ཕ་རོལ་ནས་རང་ཉིད་ལ་ཁེ་ཞིག་ཐོབ་རྒྱུར་དམིགས་ཏེ། འདྲ་ཆགས་པོ་བྱས་ཤིང་། སྐད་ཆ་སྙན་པོ་བཤད། ལག་རྟགས་སྣ་ཚོགས་སྤྲད། བསྟོད་བསྔགས་འདྲ་མིན་བྱས་ན། ལུས་ངག་གི་རྣམ་འགྱུར་འཇམ་པོ་ཡིན་ཡང་། ཀུན་སློང་གཞན་མགོ་སྐོར་རྒྱུ་དེ་ཡིན་སྟབས། ལུས་ངག་གི་སྤྱོད་པ་དེ་དག་སྡིག་པའི་ལས་ཡིན་པ་རེད། དེ་འདྲའི་སྤྱོད་པ་དེ་འཚེ་བའི་རང་བཞིན་རེད། ཡང་ཕན་གནོད་ཀྱི་བསམ་པ་གང་ཡང་མེད་པ་བྱས་ཏེ། ལུང་མ་བསྟན་ངང་ནས་ཀུན་ལ་དགའ་བའི་རྣམ་འགྱུར་བསྟན་པ་དེ་དག་ནི་ལུང་མ་བསྟན་རང་ ཡིན་པ་རེད། ཅེས་གསུངས་ཡོད། ཕྱི་ཚེས་ ༢༥ ཉིན་ལ་དྭགས་གླེ་ཡི་ཉིན་བཞིའི་རིང་གི་གསུང་ཆོས་མཐའ་མའི་ཉིན། ༧གོང་ས་མཆོག་གིས་ཧི་མ་ལ་ཡའི་རི་རྒྱུད་ཚོར་གངས་ཅན་པའི་བསྟན་པ་འཛིན་སྐྱོང་ སྤེལ་གསུམ་ཐད་ལས་འགན་ཡོད་སྐོར་ནན་གྱིས་གསུངས་དོན། ང་ཚོ་བོད་པའི་ནམ་རྒྱུན་བསམ་བློ་གཏོང་སྟངས་དང་བསམ་བློ་འཁྱེར་ཕྱོགས་སྐོར་བཤད་ ཀྱིན་ཡོད། ང་ཚོས་རེ་བ་བཟང་ས་ནས་རྒྱག་དགོས་རེད། ཡིན་ཡང་གྲ་སྒྲིག་སྡུག་ས་ནས་བྱ་དགོས། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལོ་ ༥༠ བརྒལ་འགྲོ་བཞིན་ཡོད། ཅེས་ང་ཚོས་རྟག་པར་བཤད་ཀྱིན་ཡོད། དེ་འདྲ་ཡིན་དུས་སངས་རྒྱས་ཆོས་ཀྱི་སྐོར་ལ་ཆ་བཞག་ན་ཡང་རེ་བ་བཟང་ནས་བརྒྱབས། སློབ་གཉེར་བྱ་རྒྱུར་མུ་མཐུད་ནས་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད། ཡག་པོ་ཡོང་གི་རེད་བསམ་པའི་རེ་བ་བརྒྱག་དགོས་པ་རེད། ཡིན་ཡང་གྲ་སྒྲིག་སྡུག་ས་ནས་བྱ་དགོས། མ་བྱུང་སྔོན་འགོག་བྱ་རྒྱུ་དེ་གལ་ཆེན་པོ་རེད། སངས་རྒྱས་ཀྱི་བསྟན་པ་འཛིན་མཁན་གཙོ་བོ་དེ་རབ་བྱུང་གི་སྡེ་ཆགས་ཡོད། རབ་བྱུང་ཕོ་མོ་གང་ཡིན་ཡང་སྤུས་དག་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གྲྭ་པ་དང་ཨ་ནེ་བྱ་དགོས་པ་རེད། ཅེས་ཁྲལ་བསྐུལ་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། སོ་སོས་དང་དུ་བླངས་ནས་བྱས་པ་རེད། དང་དུ་བླངས་ནས་བྱས་ཕྱིན་ཆད་ལ་སྤུས་དག་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད། གྲངས་ཀ་མང་བས་ཕན་ཐོགས་མེད། སྐབས་རེར་སྐྱ་མིན་སེར་མིན། སྟོད་ལོག་ལ་བལྟས་ན་གྲྭ་པ་ཡིན་པ་འདྲ་པོ། ཁྱིམ་མི་ཡོད་པར་བལྟས་ན་སྐྱ་བོ་ཡིན་པ་འདྲ་པོ། དེ་འདྲའི་སྐྱ་མིན་སེར་མིན་ཚོ་ཡག་པོ་མ་རེད། ཡང་ན་གཙང་མ་ཞིག་བྱས་ཏེ། སྔར་མཁན་སློབ་ཆོས་གསུམ་གདན་འཛོམས་པའི་སྐབས་ནས་གོས་དཀར་ལྕང་ལོའི་སྡེ་དང་། རབ་བྱུང་ངུར་སྨྲིག་གི་སྡེ་ཞེས་སྡེ་གཉིས་གསུངས་ཡོད། ནང་མི་བུ་ཕྲུག་ཡོད་ན་གོས་དཀར་ལྕང་ལོའི་སྡེ་བྱས་ན་ཡག་ཤོས་རེད། གལ་སྲིད་རབ་བྱུང་ངུར་སྨྲིག་གི་སྡེ་བྱས་ནས་འདུག་འདོད་ན། སྒྲིག་ཁྲིམས་ཡག་པོ་སྲུང་དགོས་པ་རེད། དེར་བརྟེན། ཁྱེད་རང་ཚང་མས་བསམ་བློ་ཡག་པོ་གཏོང་དགོས་པ་རེད། དབུས་བླ་མ་ནས་བཟུང་མཇུག་གྲྭ་མང་ཡན་ཆད་ཚང་མས་གཟབ་གཟབ་བྱ་རྒྱུ་གལ་ཆེན་པོ་རེད། དེ་མིན་ཚོད་ཚོད་བྱས་ནས་ཕྱིན་པ་ཡིན་ན། སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སུ་འགྲོ་བཞིན་ཡོད་དམ། ཞབས་འདྲེན་ལ་འགྲོ་བཞིན་ཡོད་བཤད་ཁག་པོ་རེད། ཅེས་དང་། སངས་རྒྱས་པའི་ཆོས་པ་ཞིག་ཡིན་པའི་ངོས་ནས་སངས་རྒྱས་ཀྱི་ཆོས་དེ་ལ་ཞེན་ཆགས་བྱས་ ན། བདག་གཞན་ཆགས་ཏེ་འཛིན་པ་ཟེར་བ་དེ་སླེབས་ཡོང་གི་རེད། བློ་གཟུ་བོར་གནས་པའི་ཐོག་ནས་དད་པ་ཐོབ་པ་ཞིག་བྱས་ཏེ། ཞེན་ཆགས་མེད་པ་བྱ་རྒྱུ་དེ་གལ་ཆེན་པོ་རེད། དེ་བཞིན་ས་དགེ་བཀའ་རྙིང༌། ཇོ་ནང༌། བོན་དང་བཅས་པ་སོ་སོར་ཆ་བཞག་ན་སོ་སོའི་དད་གུས་ཡོད་པ་བྱས། འཛིན་ཞེན་མེད་པ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བཀའ་བསྩལ་ཡོད། དེའི་རྗེས་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་གནང་བ་དང་ བསྟུན་ཏེ། ལ་དྭགས་དད་ལྡན་མང་ཚོགས་ནས་ྋགོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། |