འཚོལ་བཤེར:
༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གཟེངས་རྟགས་མཐོ་ཤོས་གསེར་གྱི་རྟགས་མ་འབུལ་བཞེས་ཀྱི་མཛད་སྒོ་ཆེན་མོའི་ཐོག་ཨ་རིའི་སྲིད་འཛིན་བྷུ་ཤེ་མཆོག་གིས་གནང་བའི་གསུང་བཤད།
གྲོས་ ཚོགས་ཚོགས་གཙོ་མཁྱེན་ལྡན་མ་མཆོག་དང༌། གྲོས་ཚོགས་གོང་མའི་འཐུས་མི་བྷའེ་ར་ཌེ༌ (Byrd) མཆོག གྲོས་ཚོགས་ཀྱི་སྐུ་ཚབ་རྣམ་པ། སྒོས་སུ་གྲོས་ཚོགས་གོང་མའི་ཚོགས་མི་ཧྤེ་ཨན་སེ་ཊན་(Feinstein)དང༌། གྲོས་ཚོགས་ཚོགས་མི་མཁྱེན་ལྡན་མ་ཨེ་ལི་ན་ རོ་སེ་ལེ་ཊི་ནན། (Ileana Ros-Lehtinen) ཞིང་གཤེགས་གྲོས་ཚོཌ་གོང་མའི་ཚོགས་མི་ཐོ་མ་སེ།(Thomas) གཟི་བརྗིད་དང་ལྡན་པའི་སྐུ་མགྲོན་རྣམ་པ། ཡང་སྒོས་ང་ཚོའི་གྲོགས་མཆེད་ཨི་ལའེ་ ཝི་སལ་(Elie Wiesel)དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་བཅས་ལ་ཞུ་རྒྱུར། འདས་པའི་ལོ་མང་པོའི་རིང་གྲོས་ཚོགས་ཀྱིས་གསེར་གྱི་རྟགས་མ་འདི་ལོ་རྒྱུས་ཐོག་ གི་རླབས་ཆེའི་མི་སྣ་མང་པོར་ཕུལ་ཡོད་ཅིང༌། དེ་ཡང་རྒྱུན་དུ་ཁོང་རྣམ་པའི་འབད་འཐབ་མཇུག་བསྒྲིལ་ཏེ་རྒྱལ་ཁ་ཐོབ་ཟིན་པར་ འབུལ་གྱི་ཡོད། དེ་རིང་གྲོས་ཚོགས་ཀྱིས་ནམ་རྒྱུན་དང་མི་འདྲ་བ་ཞིག་གནང་རྒྱུ་བདམས་གནང་བ་རེད། དེ་ཡང་གྲོས་ཚོགས་ཀྱིས་གཟེངས་རྟགས་འདི་གང་གི་མཛད་འགན་མུ་མཐུད་སྐྱོང་བཞིན་པ་ དང༌། གྲུབ་འབྲས་ཇི་འབྱུང་ངེས་པ་མེད་པའི་སྐྱེས་བུ་ཞིག་ལ་ཕུལ་བ་རེད། དེ་ལྟར་འབུལ་ལམ་ཞུས་པ་འདི་ནི། ཨ་མི་རི་ཀས་སྐྱེ་བོ་ཀུན་ལ་ཆོས་དད་རང་མོས་དང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ དགོས་པའི་ཐད་རང་གི་འབོད་སྒྲ་སྐད་གསེང་མཐོན་པོས་བསྒྲགས་པ་ཞིག་རེད། རིན་ཐང་འདི་གཉིས་ཀྱིས་ང་ཚོའི་སྤྱི་མཐུན་རྒྱལ་ཁབ་མདུན་བསྐྱོད་དང༌། ཚོད་བགམ་མང་པོའི་ནང་ནས་ཡུན་གནས་ཐུབ་པ་བྱུང་ཡོད་ལ། དེས་ང་ཚོའི་ཆོད་སེམས་འགྱུར་མེད་དང་རྣམ་དཔྱོད་ལྡན་པའི་སྒོ་ནས་བོད་ཀྱི་མི་མང་ དང༌། དེ་རིང་ང་ཚོས་མངོན་བསྟོད་ཞུ་ཡུལ་སྐྱེས་ཆེན་འདིའི་ཕྱོགས་སུ་དྲངས་པ་རེད། ཏཱ་ལའི་བླ་མ་མཆོག་ཕོ་བྲང་དཀར་པོའི་ནང་ཐོག་མར་དགའ་བསུ་ཞུས་པ་ནས་ད་བར་ལོ་རབས་ གཉིས་ལ་ཉེ་བ་སོང་ཟིན། ང་ ཚོའི་སྲིད་དོན་ཚོགས་པ་ཁག་གཉིས་ཀའི་ཚོགས་མི་དང་འཛམ་གླིང་གི་དབུ་ཁྲིད་རྣམ་པས་ ྋགོང་ས་ཏཱ་ལའི་བླ་མ་མཆོག་ནི་དད་པ་དང་ལྷག་བསམ་ཟོལ་མེད། ཞི་དུལ་ཅན་བཅས་ཡིན་པར་མཇལ་ཡོད། ཁོང་ལ་ཨ་རིའི་མི་མང་གིས་གུས་བཀུར་དང་དུངས་སེམས་ཐོབ་ཡོད་ལ། ཨ་མི་རི་ཀའི་མི་མང་ལའང་ཁོང་གི་གུས་བརྩི་དང་དུངས་སེམས་ཐོབ་ཡོད། བོད་ནང་ྋགོང་ས་མཆོག་སྐུ་གཞོན་ནུའི་གནས་སྐབས་ནས་གཟིམ་ཁྲིའི་ཉེ་འགྲམ་དུ་རང་ དབང་ལྷ་མོའི་སྐུ་བརྙན་ཉར་གནང་མཛད་པའི་ཚུལ་འདི་ཤེས་སྐབས་ང་ཚོ་རྒྱལ་ཁབ་ཅིག་ ཡིན་པའི་ཆ་ནས་སྙེམ་པ་ཤོར་སོང༌། ལོ་མང་པོའི་རྗེས་ྋགོང་ས་མཆོག་ཐོག་མར་ཨ་རིར་ཆིབས་བསྒྱུར་གནང་སྐབས། རང་དབང་ལྷ་མོའི་སྐུ་བརྙན་ངོ་མ་ཐག་ཉེ་ས་ནས་གཟིགས་ཐུབ་ཆེད་ནིའུ་ཡོག་གྲོང་ ཁྱེར་གྱི་བྷ་ཊེ་རའེ་གླིང་ཁར་(Battery Park)ཆེད་ཕེབས་གནང་བ་རེད། ཁོང་ཝ་ཤིན་ཊོན་ལ་ཐོག་མར་ཆིབས་བསྒྱུར་གནང་སྐབས། གང་གི་གསུང་གིས་གསར་བརྗེའི་ལས་འགུལ་ཞིག་འབྱུང་བར་བྱས་ཤིང་དུས་ད་ལྟའང་འཛམ་ གླིང་ཁྱོན་གྱི་སྐྱེས་ཕོ་མོ་ཚོར་ཡར་སྐུལ་ཐེབས་བཞིན་པའི་དྲན་རྟེན་ཁང་སྟེ། ཇེ་ཧྥར་སོན་དྲན་གསོ་ཁང་(Jefferson Memorial)བརྒྱུད་དེ་ཞབས་ཐང་དུ་ཕེབས་ཡོད། ཇེ་ཧྥར་སོན་ནི་རང་དབང་གོང་དུ་མཆོད་པའི་ཨ་རིའི་རླབས་ཆེའི་མི་སྣ་ཞིག་ཏུ་བརྩི་ བཞིན་ཡོད། ཁོང་གིས་ ཡུལ་གྲུ་གཞན་དག་གི་ནང་རང་དབང་དང་སྲིད་གཞུང་ཡག་པོ་གཉིས་མི་མཐུན་པར་ཆ་འཇོག་ བྱེད་བཞིན་ཡོད་ཀྱང༌། ང་ཚོའི་ཉམས་མྱོང་གིས་རང་དབང་ནི་སྲིད་གཞུང་ཡག་པོའི་རྒྱབ་རྟེན་ལེགས་ཤོས་དེ་ ཡིན་པའི་དན་རྟགས་བྱས་ཡོད། ཅེས་གསུངས་ཡོད། ཆོས་དད་རང་དབང་ནི་འགྲོ་བ་མིའི་སྙིང་ལ་བརྣག་པའི་འདོད་དོན་ཞིག་ཡིན་ལ། འཛམ་གླིང་ཡོངས་ཁྱབ་ཀྱི་བྱིན་རླབས་ཤིག་དང༌། ང་ཚོའི་རྒྱལ་ཁབ་ཀྱི་གཙིགས་མཐོང་ཆེ་བའི་རིན་ཐང་ཡང་རེད། དེ་ནི་ཨ་རིའི་གཞི་རྩའི་ཐོབ་ཐང་གི་ཁྲིམས་ཡིག་ནང་ཆེས་ཐོག་མར་སྲུང་སྐྱོབ་གནང་ བ་དེ་རེད། ཁྲིམས་ཡིག་དེས་རྡོ་ཀ་མ་རུའི་སྒོར་དབྱིབས་ཁང་བརྩེགས་ནང་གི་ལྡེབས་རིས་སུ་ འཁོད་པའི་སྐུ་བརྙན་ཁག་གི་དོ་བདག་དབུ་ཁྲིད་མང་པོར་ཡར་སྐུལ་ཐེབས་ཡོད་ལ། དེས་ད་ལྟའང་ང་ཚོའི་མི་ཚེ་སྐྱེལ་ཕྱོགས་ལ་ཚད་འཛིན་གྱི་ནུས་པ་ཐོན་བཞིན་ཡོད། དེ་རིང་ང་ཚོ་གང་དུ་འཛོམས་ས་དེར་ཐུགས་ཞིབ་གནང་དང༌། མང་གཙོའི་མཚོན་རྟགས་རླབས་ཆེན་དུ་གྱུར་པའི་གནས་འདི་ཡེ་ཤུའི་ཁེ་ཐོ་ལིག་གི་ ཆོས་སྡེ་ཞིག་དང༌། འཇིའུ་ཆོས་ལུགས་ཀྱི་འདུ་ཁང་ཞིག ཁ་ཆེའི་ཆོས་ལུགས་ཀྱི་ཕྱག་ཁང་ཞིག གྷི་རིག་གི་དམ་པའི་མཆོད་ཁང་ཞིག ནང་པ་སངས་རྒྱས་པའི་ལྷ་ཁང་ཞིག་བཅས་དང་ཧ་ཅང་འདྲ་བོ་ཡོད། གང་ཡིན་ཟེར་ན་གོང་གི་དེ་དག་ཚང་མར་རང་རང་གི་མི་ཕྱེད་པའི་དད་མོས་ཅན་གྱི་རྗེས་ འཇུག་ཉམས་ལེན་པ་ཡོད་པ་རྣམས་མཉམ་དུ་ཞི་བདེར་གནས་ཡོད། སྣ་མང་རང་བཞིན་འདི་ནི་བརྟན་ལྷིང་མེད་པའི་རྒྱུ་རྐྱེན་མ་ཡིན་པར་སྟོབས་ཤུགས་ ཀྱི་འབྱུང་ཁུངས་རེད། (མཚམས་འདིར་ཚང་མས་ཡིད་མོས་ཀྱི་ཐལ་མོ་ཤུགས་ཆེ་བརྡབས།) རང་དབང་འདི་ནི་རྒྱལ་ཁབ་གཅིག་ལ་དབང་བ་ཞིག་མ་ཡིན་པར་འཛམ་གླིང་ཡོངས་ལ་དབང་བ་ ཞིག་རེད། འདས་མ་ཐག་པའི་དུས་རབས་ནང་བྱུང་བའི་རྒྱུན་ལྡན་མ་ཡིན་པའི་སྐྱོ་གནས་ཤིག་ནི། རྒྱལ་ཁབ་མང་པོས་སྐྱེ་བོ་སྒེར་གྱི་རང་དབང་དང་ལེན་བྱས་པ་དང་མཉམ་དུ་ཨུ་ཚུགས་ མཁྲེགས་འཛིན་གྱིས་ཆོས་ལུགས་ལ་བཙན་གནོན་བྱེད་པའི་གནས་ཚུལ་ཡང་མིག་མཐོང་ལག་ ཟིན་དུ་བྱུང་བ་དེ་རེད། ཨ་མི་རི་ཀས་ཆོས་ལུགས་བཙན་གནོན་གྱི་ཐབས་སྐྱོའི་གནས་སྟངས་མཐོང་བཞིན་དུ་རང་གི་ མིག་ཟུང་བཙུམ་པའམ་མ་མཐོང་མདོག་མདོག་གིས་རྒྱབ་བསྟན་ནས་སྡོད་མི་ཐུབ། དེ་ནི་ངས་རྒྱ་ནག་གི་དབུ་ཁྲིད་ཚོར་ཏཱ་ལའི་བླ་མ་མཆོག་རྒྱ་ནག་ཏུ་གདན་ཞུ་དགོས་ པའི་ནན་སྐུལ་མུ་མཐུད་བྱེད་པའི་རྒྱུ་མཚན་ཡིན། ཁོང་ཚོས་སྐྱེས་བུ་བཟང་པོ་འདི་མཇལ་སྐབས། ཁོང་འདུམ་སྒྲིག་དང་ཞི་བདེའི་སྐྱེ་བོ་ཞིག་ཡིན་པ་ཤེས་རྟོགས་ཡོང་གི་རེད།(ཡིད་ མོས་ཀྱི་ཐལ་མོ་ཤུགས་ཆེ་བརྡབས།) ལོ་རྒྱུས་ཁྲོད་འཛམ་གླིང་འདིའི་ནང་བཙན་གནོན་དང་གཉའ་གནོན་མྱོང་མཁན་ཚོར་རང་ དབང་དང་རེ་བའི་གསུང་འཕྲིན་སྩོལ་མཁན་ཚོའི་མཉམ་དུ་ང་ཚོས་སྤོབས་པ་ཆེན་པོས་སྔ་ ཕྱི་ཀུན་ཏུ་ལངས་ཡོད། འདི་ནི་ང་ཚོ་ཚང་མ་ཐག་རིང་དུ་འཚོ་གཞེས་མཛད་པའི་ཆོས་ཀྱི་དབུ་ཁྲིད་བཟང་པོ་ འདིར་ཕྱོགས་དགོས་པའི་རྒྱུ་མཚན་དེ་རེད། དེ་རིང་ང་ཚོས་ཁོང་ཞི་བདེ་དང་བཟོད་སྲན་གྱི་ཡོངས་ཁྱབ་མཚོན་རྟགས་དང༌། དད་དམ་ཅན་རྣམས་ཀྱི་ལམ་སྟོན་པ། གང་གི་མི་མང་རྣམས་ཀྱི་ཆེད་རེ་བའི་མེ་ལྕེ་སྲུང་སྐྱོང་མཛད་པོ་བཅས་སུ་མངོན་ བསྟོད་ཞུ་བཞིན་ཡོད། ངས་ྋགོང་ས་མཆོག་ལ་ངོས་འཛིན་འདི་དག་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་རང་ཁྱེད་དང་ལྷན་དུ་འདིར་བཅར་རྒྱུ་བྱུང་བར་ཧ་ཅང་སྐལ་བ་བཟང་པོར་ཚོར་བྱུང༌། ྋགོང་ས་མཆོག །ང་དང་ངའི་ལྕམ་ལའོ་ར་(Laura)གཉིས་ཀྱིས་ཨ་རི་བ་ཡོངས་དང་མཉམ་བོད་ཀྱི་མི་མང་ ཚོར་བཀྲ་ཤིས་ལུགས་ལེགས་དང་ཞི་བདེའི་དུས་བཟང་ཤར་བའི་སྨོན་ལམ་གདུང་ཤུགས་དྲག་ པོས་ཞུ་རྒྱུ་ཡིན།
གསེར་གྱི་གཟེངས་རྟགས་མཛད་སྒོའི་ཐོག་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སའེ་ པེ་ལོ་སི་(Nancy Pelosi)ཡིས་གནང་བའི་གསུང་བཤད།
༅ ༅།། གྲོས་ཚོགས་ཚོགས་མི་ཚོས་དམིགས་བསལ་གྱི་གོ་སྐབས་མང་པོ་བསྐྲུན་གྱི་ཡོད་ཅིང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བའི་ གོ་སྐབས་ནང་ཨ་རིའི་སྲིད་འཛིན་མཆོག་མཉམ་ཞུགས་གནང་བ་ནི་མཚུངས་པ་མེད་པའི་ཆེ་ མཐོང་ཞིག་རེད། ངས་གྲོས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཕྱག་སྦྲེལ་ཚོགས་ མི་རྣམ་པ༌ཡོངས་ལ་དེ་རིང་གི་གྲུབ་འབྲས་འདི་མངོན་འགྱུར་ཐུབ་པ་མཛད་པར་ཐུགས་ རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་གསེར་གྱི་རྟགས་མ་འདི་དང་མཉམ་དུ་ཨ་མི་རི་ཀ་དང་ཏཱ་ལའི་བླ་མ་མཆོག་དབར་ གྱི་དམིགས་བསལ་འབྲེལ་བར་རྒྱབ་གནོན་ཞུ་གི་ཡོད། འབྲེལ་བ་དེ་ནི་གསེར་གྱི་ཕྱག་ཚོད་གཅིག་གི་ཐོག་ནས་དབུ་ཚུགས་པ་ཞིག་རེད། ཏཱ་ལའི་བླ་མ་མཆོག་སྐུ་གཞོན་ནུའི་དུས་ཚན་རིག་དང་འཕྲུལ་ལས་ལ་མཉེས་པོ་ཡོད་ ཅིང༌། ཚུལ་འདི་སྲིད་འཛིན་ཧྥ་ རན་ཀི་ལིང༌། རཽ་སེ་ཝེལ་ཊིས་(Franklin Roosevelt)མཁྱེན་ཏེ་དགུང་ན་གཞོན་པའི་ཏཱ་ལའི་བླ་མ་མཆོག་ལ་ཟླ་བའི་འཕེལ་གྲིབ་ དང་རེས་གཟའ་ཁག་གཟིགས་རྒྱུ་ཡོད་པའི་ཕྱག་ཚོད་ཅིག་ཕུལ་གནང་ཡོད། ཏཱ་ལའི་བླ་མ་མཆོག་གིས་གསེར་གྱི་ཕྱག་ཚོད་དེ་ལྟ་ན་སྡུག་པ་ཞིག་ཡིན་པའི་འགྲེལ་ བརྗོད་གནང་ཞིང༌། ཐ་ན་གང་ཉིད་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་སྐབས་སུའང་མཉམ་དུ་བསྣམས་ཕེབས་ཡོད། ྋགོང་ས་མཆོག་གིས་དེང་སྐབས་ཀྱང་ཕྱག་ཚོད་དེ་བེད་སྤྱོད་གནང་གི་ཡོད་ཅིང༌། དེ་ལས་འཕྲོས་པའི་ཚན་རིག་དང་ཆོས་ལུགས་ཀྱི་འབྲེལ་བའི་སྐོར་གྱི་ཁོང་གི་གསུང་ ཆོས་དེ་བློ་སྐྱེད་འཕེལ་གཞིའི་གང་གི་གསུང་བཤད་ནང་གི་གལ་ཆེའི་ཆ་ཤས་ཤིག་རེད། རང་ཉིད་གྲྭ་རྐྱང་དཀྱུས་མ་ཞིག་ལས་གཞན་ཡར་མཐོ་མར་དམའ་གང་ཡང་མིན་པར་འགྲེལ་ བརྗོད་གནང་མཁན་ྋགོང་ས་མཆོག་གིས་ཨ་མི་རི་ཀའི་སྲིད་འཛིན་མཆོག་དང་ཨ་རིའི་མི་ མང་རྣམས་ཀྱི་བློ་སྟོབས་སྤེལ་གནང་ཡོད། བོད་ཀྱི་ནང་པ་སངས་རྒྱས་པ་ཚོར་ཁོང་ནི་སངས་རྒྱས་སྐུ་དངོས་འཇིག་རྟེན་དུ་བྱོན་ པ་ཞིག་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁོང་ནི་བོད་ཀྱི་ཆོས་ལུགས་ཀྱི་དབུ་འཛིན་ཞིག དད་མོས་དང་ཡི་རངས་ཅན་གྱི་སྐྱེ་བོ་ས་ཡ་མང་པོར་ཁོང་ནི་ཤེས་རབ་དང་སྙིང་རྗེའི་ འབྱུང་ཁུངས་དང༌། གཞོན་སྐྱེས་ཚོར་ྋགོང་ས་མཆོག་ནི་འཛམ་གླིང་འདི་སྔར་བས་ཇེ་ལེགས་སུ་ཇི་ལྟར་ བསྒྱུར་དགོས་པའི་ཐད་ཀྱི་བཟང་ཕྱོགས་ཀྱི་མིག་དཔེ་ཞིག་རེད། ཕྱི་ལོ་ ༡༩༨༧ ལོར་ང་ཚོ་ཐོག་མར་ྋགོང་ས་མཆོག་དང་མཇལ་སྐབས་གྲོས་ཚོགས་ཀྱི་ཚོགས་མི་མང་པོ་ གཏོང་གནང་མཁན་ཚོགས་གཙོ་ཊོམ་ལན་ཊོ་སེའི་(Tom Lantos)དྲིན་ངས་རྟག་པར་དྲན་གྱི་འདུག །དེ་དུས་ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་ གཞིའི་ནང་བོད་མི་ཚོར་རང་སྐྱོང་ངོ་མ་ཞིག་རྩོད་པའི་དབུ་མའི་ལམ་གྱི་སྐོར་ འགྲེལ་བརྗོད་གནང་སོང༌། འདི་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད། གང་ལགས་ཤེ་ན། ྋགོང་ས་མཆོག་གིས་དཀའ་སེལ་འགྲིག་འཇགས་འབྱུང་ཐབས་སུ་གང་གི་རང་བཙན་གྱི་དམིགས་ ཡུལ་དོར་གནང་བ་རེད། ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་མཐོ་རིམ་དབུ་ཁྲིད་རྣམས་དང་ཐད་ཀར་བཀའ་མོལ་ གནང་ཆེད་རྒྱ་ནག་ཏུ་ཕེབས་བཞེད་ཡོད་པའི་རྣམ་འགྱུར་གསལ་འདོན་མཛད་ཡོད། པེ་ཅིང་གིས་གོ་སྐབས་འདིའི་ཁེ་ཕན་བླངས་ཏེ་ྋགོང་ས་མཆོག་དང་དོན་ཕན་ལྡན་པའི་ གྲོས་བསྡུར་གནང་ཆེད་ཁོང་རྒྱ་ནག་ཏུ་གདན་ཞུ་གནང་རྒྱུ་ནི་ངའི་ལྷག་བསམ་རྣམ་དག་ གི་རེ་བ་ཡིན། ང་ཚོ་དེ་རིང་འདིར་འཛོམས་ཏེ་ྋགོང་ས་མཆོག་ལ་མངོན་བསྟོད་ཞུ་རྒྱུ་ནི་ལས་སླ་ ཞིང༌། ལྷག་པར་བོད་མི་ཚོས་དེ་ལྟར་བྱ་དགོས་ན་དཀའ་ངལ་ཅི་ཙམ་ཡོད་པ་ང་ཚོས་བསམས་སྐབས་ དེ་བས་ཀྱང་དེ་ལྟར་རེད། བོད་མི་ཚོས་རང་ཡུལ་དུ་ྋགོང་ས་མཆོག་གི་སྐུ་པར་ཙམ་ཞིག་ཉར་པས་ཀྱང་བཙོན་འཇུག་ དང་མནར་གཅོད་ཀྱི་འཇིགས་སྐྲག་མི་བཟད་པ་མྱོང་དགོས་པའི་བཙན་གནོན་འོག་ནས། ཏཱ་ལའི་བླ་མ་མཆོག་མཇལ་ཆེད་བྲོས་བྱོལ་དུ་ཡོང་གི་ཡོད། ཁོང་ཚོས་ཟས་གོས་འདང་ངེས་མེད་བཞིན་པར་གཟའ་འཁོར་མང་པོའི་རིང་རྐང་བགྲོད་བྱས་ ཏེ་གྲང་ངད་ཆེ་བའི་རི་བོ་ཧི་མ་ལ་ཡ་བརྒལ་གྱིན་ཡོད། དེ་ནི་སའི་གོ་ལ་འདིའི་སྟེང་གི་འཇིགས་སྐྲག་ཆེ་ཤོས་ཀྱི་བྱོལ་ལམ་རེད། ཁོང་ཚོར་མཇལ་ཁ་ཐོབ་རྗེས་རང་གི་ནང་མི་དང་མཉམ་འཛོམས་ཆེད་ཡང་བསྐྱར་འགྲུལ་བཞུད་ བྱས་ཏེ་བོད་ལ་ལོག་གི་ཡོད། ཕྱི་ལོ་ ༡༩༨༩ ལོར་ཏཱ་ལའི་བླ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་སྐབས། ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ྋགོང་ས་མཆོག་གི་ཞི་བདེའི་ཕྱག་ལས་དང༌། ཡུལ་ལུང་མང་པོའི་ནང་རང་དབང་དང་ཞི་བདེ། འགྲོ་བ་མིའི་ཆེ་མཐོང་བཅས་ཀྱི་ཆེད་མདུན་སྐྱོད་གནང་མཁན་མི་དམངས་ལ་འཇུངས་པ་ མེད་པའི་རྒྱབ་སྐྱོར་གནང་རྒྱུའི་ཡོངས་བསྒྲགས་གནང་ཡོད། དེ་ལྟར་གནང་བ་དེས་ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཧི་མ་ལ་ཡ་བརྒལ་ཏེ་མདུན་ བསྐྱོད་བྱེད་མཁན་དང༌། དེ་ལྟར་བྱེད་འདོད་ཡོད་ཀྱང་བྱེད་མ་ཐུབ་པའི་བོད་མི་ཚོར་ཆེ་བསྟོད་གནང་བ་རེད། དེ་རིང་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འདི་དང་མཉམ་དུ་ང་ཚོས་ཡང་བསྐྱར་བོད་ མི་མང་དང༌། ྋགོང་ས་ཏཱ་ལའི་བླ་མ་མཆོག་ལ། ཁོང་གི་ངོས་ནས་སྐུ་ངལ་ལྷུར་བཞེས་ཀྱིས་ཞི་བདེ་དང་འཚེ་བ་མེད་པ། འགྲོ་བ་མིའི་ཐོབ་ཐང༌། ཆོས་ལུགས་ཀྱི་གོ་རྟོགས་བཅས་པའི་ཐོག་ཁྱད་དུ་འཕགས་པའི་ཞབས་འདེགས་སྒྲུབ་པའི་ མཛད་པར་མངོན་པར་བསྟོད་རྒྱུ་ཡིན། ྋགོང་ས་མཆོག །སྐུ་ཉིད་ཀྱིས་གཟེངས་རྟགས་འདིར་གཟི་འོད་སྩལ་ཞིང༌། འཛམ་གླིང་གི་རྣམ་དཔྱོད་ལ་དོ་ཟླ་གནང་སོང༌།།
 
༧གོང་ས་མཆོག་གི་མཛད་འཕྲིན།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334