ཉེ་ཆར་༧གོང་ས་མཆོག་གིས་ཟླ་དྲུག་ནང་ཚུན་དུ་ཁོང་བགྲེས་ཡོལ་དུ་ཕེབས་འདུན་ཡོད་སྐོར་གསུངས་པ་དེར་བོད་གཞིས་བྱེས་གཉིས་ནང་སེམས་འཚབ་དང་གླེང་སྣ་ཚོགས་ཡོང་གི་ཡོད་པ་ལྟར། ཉེ་ཆར་༧གོང་ས་མཆོག་གིས་གསལ་བཤད་གནང་བ་སོགས་ཀྱི་གནས་ཚུལ་ཁག་ཅིག་བསྡུ་སྒྲིག་བྱས་ཡོད། ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་གྱི་སེས་ཨན་ཨན་ཡན་ལག་གསར་ཁང་ (CNN-IBN)གིས་༧གོང་ས་མཆོག་ལ་བཅར་འདྲི་ཞིག་གི་སྐབས། གསར་འགོད་པས་ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ལ་དགོངས་པ་བཞེས་ཕྱོགས་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། ངོས་རང་བགྲེས་ཡོལ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད་ཅེས་དང་། ༢༠༠༡ ལོ་ནས་ང་ཚོར་འོས་འདེམས་བྱས་པའི་སྲིད་དོན་གྱི་མགོ་ཁྲིད་ཅིག་ཐོན་པ་དང་། གལ་གནད་ཆེ་བའི་བྱེད་སྒོ་ཁག་ཐག་གཅོད་བྱེད་དབང་ཡང་སྲིད་དོན་མགོ་ཁྲིད་དེའི་ལག་ཏུ་ཡོད་སྟབས། ངོས་ཀྱིས་མང་གཙོའི་ལམ་ལུགས་ཆ་ཚང་བེད་སྤྱོད་ཡོང་བ་ལ་སྲིད་དོན་རིགས་ལ་ཐེ་གཏོགས་མ་བྱས་ན་བཟང་གི་རེད་དྲན་ཡོད། ཅེས་བཀའ་ལན་གནང་ཡོད། ཡང་ཁོང་གིས་དང་ཐོག་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ལ་དམིགས་དོན་འདིའི་སྐོར་གྲོས་བསྡུར་བྱ་དགོས། ད་སྔ་རོབ་ཙམ་བརྗོད་ཟིན་པ་ཡིན་ཞེས་དང་། ངོས་ཀྱི་བསམ་པར་ཕལ་ཆེར་ཟླ་བ་དྲུག་གི་ནང་ཡོང་སྲིད་པ་རེད་སྙམ་གྱི་ཡོད་ཅེས་སོགས་གསུངས་ཡོད། ད་ལྟ་མང་ཚོགས་ཁྲོད་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་གྱི་བཀའ་སློབ་དེར་གླེང་སློང་སྣ་ཚོགས་ཤིག་ཡོང་བཞིན་པར་མ་ཟད། ཁོང་གི་དགོངས་གཞི་དངོས་དེ་མ་རྟོགས་པར་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་པ་ནི། བོད་མིའི་འཐབ་རྩོད་མུ་མཐུད་གནང་རྒྱུའི་ཐུགས་འདུན་བརླག་པའི་སེམས་འཚབ་ཀྱང་ཡོང་གི་ཡོད་སྟབས། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁོང་གིས་ཀ་ལོན་སྦུག་ཏུ་ཁོང་ཉིད་བགྲེས་ཡོལ་དུ་ཕེབས་ཕྱོགས་སྐོར་ལ་བསྐྱར་དུ་གསལ་བཤད་ཅིག་གནང་བའི་ནང་། ཉེ་ལམ་ངོས་རང་རྒས་ཡོལ་ཆ་ཚང་བྱ་རྒྱུའི་བསམ་བློ་ཡོད་སྐོར་བརྗོད་པའི་ཐད། བོད་ཕྱི་ནང་གི་བོད་མི་ཁག་ཅིག་ལ་ཐེ་ཚོམ་དང་སེམས་འཚབ་ཕྲན་བུ་བྱུང་ཡོད་འདུག ཁོང་ཚོའི་བསམ་པར་ད་ནི་ཏཱ་ལའི་བླ་མར་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་འགན་ཁུར་ལེན་རྒྱུའི་འདུན་པ་མེད་པ་རེད་སྙམ་འདུག དེ་འདྲ་རྩ་བ་ནས་མིན། ཞེས་བཀའ་གནང་འདུག ཡང་སྐབས་དེར་ཁོང་གིས། ངོས་ལ་འགན་ཁུར་གསུམ་ཡོད་པའི་ནང་ནས་དང་པོ་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་གཉིས་ངོས་རང་མ་ཤི་བར་འགན་ཁུར་ལེན་རྒྱུ་ཡིན། ངོས་ཀྱི་འགན་ཁུར་གསུམ་པ་ནི་བོད་ཀྱི་རྩ་དོན་རེད། དེ་ཡང་ངོས་རང་བོད་མི་ཞིག་ཡིན་པ་དང་། ལྷག་པར་ཏཱ་ལའི་བླ་མའི་མིང་གནས་ཤིག་ཡོད་སྟབས། བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུར་ཉེ་བས་ངོས་ལ་ཡིད་ཆེས་བློ་གཏད་བྱེད་ཀྱི་ཡོད་པར་བརྟེན། བོད་རྒྱ་ཆེའི་མི་མང་ལ་ཞབས་འདེགས་བསྒྲུབ་རྒྱུར་ངོས་ལ་འགན་འཁྲི་ཡོད། ཅེས་དང་། ལྷག་པར་ངོས་ཀྱིས་གོང་དུ་བརྗོད་པ་ལྟར། ངོས་རང་བོད་མིའི་ཁྲོད་གང་ལ་གང་འཚམ་གྱི་དགའ་མོས་ཡོད་པ་ཞིག་དང་། བོད་མི་ཚོས་ཡིད་ཆེས་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་སྟབས། ངོས་ལ་འགན་ཁུར་ཞིག་ཡོད། འོན་ཀྱང་ངོས་ཀྱིས་དུས་རྒྱུན་འཛིན་སྐྱོང་དང་འབྲེལ་བའི་གཞུང་འབྲེལ་གྱི་ཡིག་ཆ་གལ་ཆེའི་རིགས་ལ་ས་རྟགས་འགོད་དགོས་པ་དེ་རིགས་ངོས་ཀྱིས་བྱེད་མི་དགོས་པར་འབྲེལ་ཡོད་ཁག་ལ་རྩིས་སྤྲོད་བྱ་རྒྱུའི་བསམ་བློ་ཡོད། དེས་ན་སྐབས་རྗེས་མའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། ངོས་རང་རྒན་ཡོལ་ཆ་ཚང་བྱ་རྒྱུའི་སྐོར་བརྗོད་རྒྱུ་ཡིན། ཞེས་སོགས་གསུངས་ཡོད། འདི་གའི་གསར་འགོད་པས་ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་སུ་གནད་དོན་འདིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ད་ལྟའི་ཆར་ང་ཚོ་སྐུ་སྒེར་དྲུང་ཆེ་རྣམས་ཀྱིས་༧ གོང་ས་མཆོག་གི་དགོངས་གཞི་འདིའི་སྐོར་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འགྲེལ་བརྗོད་གང་ཡང་མི་བྱ་རྒྱུ་བྱས་ཡོད། དེ་ནི་ང་ཚོ་དྲུང་ཆེ་རྣམ་པ་སུ་ཡིན་རུང་༧ གོང་ས་མཆོག་གིས་ད་བར་གསུངས་བཞག་པ་ལས་ལྷག་ཅིག་བཤད་རྒྱུ་མེད་ལ། ཁོང་གིས་སྔ་ཕྱི་རིམ་པར་གསུངས་པའི་བཀའ་སློབ་ཁག་ཏུ་ཧ་ཅང་གསལ་བོ་ཡིན་སྟབས། མི་མང་གིས་ཁོང་གི་བཀའ་སློབ་ལས་ཁོང་གི་དགོངས་གཞི་ངོ་མ་དེ་རྟོགས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་། གང་ལྟར་འབྱུང་འགྱུར་གྱི་ཟླ་བ་གསུམ་ནང་ཁོང་བགྲེས་ཡོལ་དུ་ཕེབས་རྒྱུའི་ཐུགས་འདུན་སྐོར་གསལ་བོ་ཆགས་ཀྱི་རེད། ཅེས་གསུངས་བྱུང་། ཕྱི་ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་སུ་ཐེངས་འདིར་༧ གོང་ས་མཆོག་གིས་ཁོང་མ་འོངས་པའི་ཟླ་བ་དྲུག་ནང་ཚུན་དུ་བགྲེས་ཡོལ་དུ་ཕེབས་རྒྱུ་ཡིན་སྐོར་གསུངས་པར་མ་ཟད། དེ་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་བསྡུར་གནང་རྒྱུ་ཡིན་སྐོར་གསུངས་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ངོས་ནས་དེ་ལ་དགོངས་བཞེས་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས་གསུངས་དོན། ༧གོང་ས་མཆོག་གིས་བཀའ་སློབ་དེ་ཕེབས་པ་ནས་བཟུང་སྤྱི་འཐུས་རྒྱུན་ལས་ནང་དུ་བཀའ་བསྡུར་རིམ་པ་འགའ་ཤས་བྱུང་བ་དང་། དེའི་གྲུབ་འབྲས་ལྟ་བུར། ད་ལྟའི་བར་གྱི་བཙན་བྱོལ་བོད་མིའི་མང་གཙོ་འཕེལ་རིམ་ནང་དུ་ ༡༩༦༣ ལོའི་རྩ་ཁྲིམས་གཏན་འབེབས་དང་ ༡༩༩༡ ནས་སྤྱི་འཐུས་གྲོས་ཚོགས་ཁྲིམས་བཟོ་ལྷན་ཚོགས་མིང་དོན་མཚུངས་པ་ཞིག་ཆགས་པ། ༢༠༠༡ ནས་བཀའ་བློན་ཁྲི་པ་མི་མང་ནས་ཐད་ཀར་འོས་འདེམས་བྱུང་བ་སོགས། དེ་དག་ཚང་མ་༧གོང་ས་མཆོག་གི་དགོངས་གཞི་དང་བཀའ་སློབ་ཕེབས་ཏེ་མང་གཙོའི་འཕེལ་རིམ་དུ་ཕྱིན་པ་གསལ་བོ་རེད། དེར་བརྟེན་༧གོང་ས་མཆོག་གིས་མང་གཙོའི་འཕེལ་རིམ་གྱི་སྟེང་དུ་དགོངས་བཞེས་གང་ཡོད་པ་དེ་ང་ཚོས་རླབས་ཆེན་དུ་བརྩི་བཞིན་ཡོད། ད་ལྟའི་བཀའ་སློབ་གནང་སྟངས་དེ་ཡང་། རླབས་ཆེན་གྱི་དགོངས་བཞེས་ཡིན་པ་ཞིག་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ངོས་འཛིན་གནང་ཐོག བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་ལ་རྒྱུན་ལས་རྣམ་པས་སྤྱི་མོས་ཀྱི་ཐོག་ནས་བསམ་ཚུལ་བྱུང་བ་དང་། ལྷག་པར་དུ་ ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་དང་། ད་ལོའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་ཀྱི་བསམ་ཚུལ་ཕྱོགས་སྡོམ་ཚང་མའི་ནང་། ༧གོང་ས་མཆོག་ལ་ཕྱེད་བགྲེས་ཡོལ་གྱི་བཀའ་སློབ་མ་གནང་རོགས་ཞེས་ཞུས་ཡོད་པ་ལྟར། ༧གོང་ས་མཆོག་ལ་མཚན་བཀོད་སྙན་ཞུ་ཞིག་འབུལ་རྒྱུ་གཏན་འཁེལ་བྱུང་ཡོད། སྙན་ཞུ་དེ་འབུལ་ལམ་ཞུ་ཕྱོགས་ཐད་ཚོགས་གཙོ་སྦྲེལ་པོ་གཉིས་ཁོང་ལ་མཇལ་ཁ་ཞུ་རྒྱུའི་དུས་ཚོད་ཞུས་ཡོད། ཁོང་ཕྱོགས་སྐྱོད་ལས་ཕྱིར་འཁོར་མཚམས་སྙན་ཞུ་དེ་འབུལ་རྒྱུ་ཡིན། ཡིན་ནའང་། ཉེ་ཆར་གྱི་བཀའ་སློབ་རིམ་པར་བལྟས་ན། རང་བཞིན་གྱིས་ཇེ་གསལ་ཇེ་གསལ་དུ་འགྲོ་བཞིན་འདུག་ལ། ལྷག་པར་དུ་༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་བློས་གཏོང་གནང་རྒྱུ་མིན་པ་ཁ་གསལ་ཆགས་ཡོད། ཐུགས་འགན་དེ་མ་བཞེས་ཐབས་མེད་ལྟ་བུ་རེད། དེ་མིན་གཞུང་གི་འགན་འཛིན་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་མཚན་ཐོག་ནས་ཕྱག་ལས་གནང་བསྡད་པ་ཁག་ཅིག་ཡོད། ཁོང་གི་བཀའ་སློབ་ནང་གསུངས་པ་ལྟར། རྩིས་ཀྱི་ཡིག་ཆའི་སྟེང་དུ་མཚན་རྟགས་བསྐྱོན་པ་དང་། བཅའ་ཁྲིམས་དང་སྒྲིག་གཞི་གཏན་འབེབས་ལ་མཚན་རྟགས་བསྐྱོན་པ། ཁྲིམས་དཔོན་དང་རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་བསྐོ་བཞག་གནང་རྒྱུ་སོགས་རེད། ཅེས་གསུངས་སོང་། ཡང་ཁོང་གིས། གང་ལྟར་༧ གོང་ས་མཆོག་གིས་སྤྱི་འཐུས་རྒྱུན་ལས་སྐབས་བཅུ་བཞི་བའམ། ཡང་ན་སྐབས་བཅོ་ལྔ་བ་གང་རུང་ལ་གསུང་འཕྲིན་ཞིག་ཕེབས་རྒྱུ་ཡིན་པ་གསལ་བོ་རེད། གསུང་འཕྲིན་དེ་འབྱོར་མཚམས་ནང་དོན་རེ་རེ་བཞིན་ཞིབ་ཚགས་པོས་བལྟས་ཏེ། བཅའ་ཁྲིམས་དང་སྒྲིག་གཞི་ལ་འགྱུར་བ་གཏོང་དགོས་པ་གང་འཚམ་ཡོང་སྲིད། ཅེས་དང་། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མུ་མཐུད་དེ་བཞེས་དགོས་པ་གལ་ཆེན་པོ་རེད་ལ། དེའི་ཐད་དུ་གྲོས་ཚོགས་ནང་དུའང་གཅིག་གྱུར་ཡོང་གི་རེད་བསམ་ཡོད། གཞན། རྒྱལ་ཁབ་ཀྱི་གཞུང་གི་དབུ་ཁྲིད་ཀྱི་འགན་དབང་གི་ཐོག་ནས་མཚན་རྟགས་བསྐྱོན་པའི་རིགས་དེ་གནང་གི་མེད་ཅེས་བཀའ་ནན་པོ་ཕེབས་ཚེ། དེ་གཞིར་བཟུང་གིས་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་གནས་སྟངས་ཆགས་ཡོད། ཅེས་སོགས་གསུངས་ཡོད།