འཚོལ་བཤེར:
༧གོང་ས་མཆོག་གི་མཛད་འཕྲིན།

༧གོང་ས་མཆོག་གིས་སོག་རིགས་ལ་གསུང་ཆོས་མགོ་འཛུཊ།

ག་དུས་ཡིན་རུང་ང་ཞེས་ལབ་བསྡད་མཁན་གྱི་མི་དེར་རྩེད་མོ་ཞིག་རྩེད་ཀྱང་ཏོག་ཙམ་མ་འགྲིག་ན་ཁོང་ཁྲོ་ལངས་ཡོང་གི་རེད། རྟག་ཏུ་ང་ང་ཞེས་མི་བཤད་མཁན་གྱི་མི་བབ་ཆགས་ཤིག་ཡིན་ན། གཞན་གྱིས་ཁྱད་གསོད་དང་བརྙས་བཅོས་བྱས་ཀྱང་ལམ་སེང་ཁོང་ཁྲོ་ལངས་ཀྱི་མེད། དེའི་སྟབས་ཀྱིས་ངར་འཛིན་གྱི་བློ་ཤུགས་ཆེན་པོ་ཡོད་པའི་མི་དེར་ཆགས་པའི་བློ་དང་བདག་པའི་བློ་ཆེན་པོ་ཡོང་གི་ཡོད། སྡུག་བསྔལ་ཡོང་སའི་རྩ་བ་ཆགས་སྡང་གིས་རྐྱེན་བྱས་ཏེ་ཡོང་གི་ཡོད། ཆགས་སྡང་གི་རྩ་བ་ངར་འཛིན་གྱི་བློ་ལས་ཡོང་གི་ཡོད། ཅེས་༧གོང་ས་མཆོག་གིས་བཀའ་ཆོས་བསྩལ་ཡོད། དེ་རིང་ཕྱི་ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨ པའི་སྟེང་ངྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཕྱི་སོག་དང་ཁལ་མུག ཐོ་བ། སྦི་རི་ཡ་སོགས་ར་ཤི་ཡའི་ཁོངས་ཀྱི་ནང་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་གིས་ཡུལ་གྲུ་དེ་དག་ནས་ཕེབས་པའི་སོག་རིགས་དད་ལྡན་ཆོས་ཞུ་བ་ ༧༠༠ གཙོས་པའི་ཐེ་ཝན་དང་ཀོ་རི་ཡ། ནུབ་ཕྱོགས་ཡུལ་གྲུ་ཁག་གི་ཆོས་ཞུ་བ། དེ་བཞིན་བཞུགས་སྒར་ཁུལ་གྱི་བོད་རིགས་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་ལ། ཉིན་གཉིས་རིང་རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མ་འཆད་ཁྲིད་དབུ་འཛུགས་གནང་ཡོད་པ་དང་། སང་ཉིན་མང་ཚོགས་ལ་བཀའ་དབང་ཡང་གནང་འཆར་ཡོད་འདུག ཞོགས་པའི་གསུང་ཆོས་དབུ་འཛུགས་མ་བྱས་སྔོན་ལ་༧ གོང་ས་མཆོག་གིས་ཆོས་ཞུ་བ་ཚོར་ནང་ཆོས་ངོ་སྤྲོད་དང་སྦྲགས་གསུངས་བཤད་གནང་དོན། ཆོས་ཟེར་བ་དེ་སྒྲ་ཡངས་པའི་དབང་དུ་བྱས་ན། འདས་པའི་ལོ་ངོ་ ༤༠༠༠ གོང་དུ་ཨི་ཇིབ་ཀྱི་དཔལ་ཡོན་ཁྲོད་ཆོས་ལུགས་སུ་དད་མོས་བྱེད་པའི་སྐད་ཆ་ཞིག་བྱུང་ཡོད། རྒྱ་གར་ལ་མཚོན་ན། མི་ལོ་ ༣༠༠༠ ཙམ་གྱི་གོང་ཆོས་ལ་དད་པ་བྱ་རྒྱུའི་གནས་སྟངས་བྱུང་བ་རེད། མི་སོ་སོར་ཐབས་ཤེས་མ་ཐུབ་པའི་དཀའ་ངལ་འཕྲད་སྐབས་དད་པ་བྱེད་ས་ཞིག་ཡོད་ན་སེམས་ཀྱི་དཀའ་ངལ་ཆུང་དུ་འགྲོ་བ་དང་། སོ་སོའི་བློ་གཏོད་སའི་ཆོས་ལ་དད་མོས་ཆེ་རུ་འགྲོ་བཞིན་ཡོད། གནས་སྟངས་དེའི་རྐྱེན་པས་འདས་པའི་མི་ལོ་ ༤༠༠༠ མཚམས་སུ་འཛམ་གླིང་སྟེང་ཆོས་ལ་དད་མོས་བྱུང་བ་རེད། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་ཡོད་པར་འདོད་པ་མ་ཟད། སེམས་ཅན་གྱི་བདེ་སྡུག་ཀྱང་འཇིག་རྟེན་བཀོད་པ་པོར་རག་ལས་ཡོད་ཚུལ་བཤད་ཀྱི་ཡོད། མི་ལོ་ ༣༠༠༠ གོང་རྒྱ་གར་ལ་ནང་ཆོས་མ་དར་སྔོན་གྲངས་ཅན་པའི་ཆོས་ལུགས་ཤིག་བྱུང་ཡོད་ཅིང་། དེར་ཡང་གྲངས་ཅན་ལྷག་བཅས་པ་དང་ལྷག་མེད་པ་གཉིས་ཡོད་ལ། ལྷག་མེད་པས་འཇིག་རྟེན་བཀོད་པ་པོ་འདོད་ཀྱི་མེད། མི་ལོ་ ༢༦༠༠ མཚམས་སུ་སངས་རྒྱས་ཀྱི་ཆོས་དང་གཅེར་བུ་བའི་ཆོས་ལུགས་གཉིས་བྱུང་ཡོད། ཆོས་ལུགས་དེ་གཉིས་ཀྱིས་འཇིག་རྟེན་བཀོད་པ་པོ་མི་འདོད་པར། བདེ་བ་དང་སྡུག་བསྔལ་ནི་རང་བཞིན་གྱིས་རྒྱུ་རྐྱེན་ལ་བརྟེན་ནས་ཡོང་གི་ཡོད་ཚུལ་བཤད་ཀྱི་ཡོད། དེ་ཡིན་དུས། གྲངས་ཅན་ལྷག་བཅས་དང་ཚངས་བ། ཁྱབ་འཇུག་པ། ཇེའུ་དང་ཡི་ཤུ། ཁ་ཆེའི་ཆོས་ལུགས་སོགས་ནི་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཁག་དང་། ནང་པ་དང་གཅེར་བུ་བ། གྲངས་ཅན་ལྷག་མེད་པ་གསུམ་ནི་འཇིག་རྟེན་བཀོད་པ་པོ་མི་འདོད་པའི་ཆོས་ལུགས་ཀྱི་གྲས་ཡིན། ལྟ་གྲུབ་ཡོད་མཁན་གྱི་ཆོས་ལུགས་ཁག་ཏུའང་འཇིག་རྟེན་བཀོད་པ་པོ་འདོད་མཁན་དང་མི་འདོད་མཁན་རིགས་གཉིས་ཡོད། བཅོམ་ལྡན་འདས་ཀྱིས་ཆོས་བརྒྱུད་སྣ་ཚོགས་ནང་ལྷག་མེད་ཐེག་པ་དང་ཚངས་པའི་ཐེག་པ། ཉན་རང་ཐེག་པ། བྱང་སེམས་ཐེག་པ་སོགས་ཐེག་པ་སྣ་ཚོགས་ཤིག་ཡོད། ཇི་སྲིད་མིའི་སེམས་ཀྱི་རྣམ་རྟོག་སྣ་ཚོགས་ཡོད་པ་དེ་སྲིད་དུ་ཐེག་པ་སྣ་ཚོགས་ཡོང་གི་རེད་ཅེས་གསུངས་ཡོད། ཅེས་གསུངས་སོང་། ༧གོང་ས་མཆོག་གིས་ཐུབ་པའི་བསྟན་པ་ལས་གསུངས་བའི་བདག་འཛིན་གྱི་བློ་སྦྱོང་སྟངས་སྐོར་གསུངས་དོན། སངས་རྒྱས་པའི་ཐེག་པ་ལ་ཉན་ཐོས་ཐེག་པ་དང་རང་སངས་རྒྱས་ཀྱི་ཐེག་པ། བྱང་ཆུབ་སེམས་པའི་ཐེག་པ་བཅས་གསུམ་ཡོད་པ་དང་། སྤྱིར་སངས་རྒྱས་ཀྱི་ཐེག་པ་འདི་ཁམས་གསུམ་ལས་འདས་པའི་ཐར་པའི་གོ་འཕང་བསྒྲུབ་དགོས་རྒྱུ་ཞིག་ཡིན་སྟབས། སྡུག་བསྔལ་གྱི་རྩ་བ་བདག་ཏུ་འཛིན་པའི་བྱས་པ་རེད། བདག་འཛིན་གྱི་སྡུག་བསྔལ་རྩ་བ་བཤད་ཡོང་དུས་སྡུག་བསྔལ་ལས་ཐར་པ་ལ་བདག་ཏུ་འཛིན་པ་ལྡོག་དགོས། བདག་འཛིན་ལྡོག་པ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ཏེ་སྒོམ་པའི་སྒོ་ནས་བདག་འཛིན་ལྡོག་དགོས་པ་མ་གཏོགས་དད་པ་ཙམ་གྱིས་བདག་འཛིན་ལྡོག་གི་མེད། དེའི་སྟབས་ཀྱིས་སངས་རྒྱས་ཀྱི་ཆོས་གཞུང་དུ་བདག་མེད་པ་ཟེར་བའི་ལྟ་བ་དེའི་རྩ་བ་གསུངས་ཡོད། སངས་རྒྱས་ཀྱི་ཆོས་མ་གཏོགས་ཆོས་ལུགས་གཞན་ཚང་མས་ཕུང་པོ་ལས་དོན་གཞན་པའི་བདག་དེ་འགྱུར་བ་འགྲོ་བསྡད་མཁན་ཞིག་དང་གཞན་ལ་ལྟོས་པ་མེད་པ། ལུས་སེམས་བར་ལ་དབང་སྒྱུར་མཁན་གྱི་བདག་འགྱུར་བ་མེད་པའི་ཁྱད་ཆོས་ཅན་གྱི་བདག་ཅིག་བཤད་ཀྱི་ཡོད། དེར་བརྟེན། དེར་རྟག་གཅིག་རང་དབང་མེད་པའི་བདག་ཅེས་མིང་བཏགས་ཡོད། ཅེས་དང་།

 
 
༧གོང་ས་མཆོག་གི་མཛད་འཕྲིན།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334