འཚོལ་བཤེར:
༧གོང་ས་མཆོག་གི་མཛད་འཕྲིན།

༧གོང་ས་མཆོག་གིས་འབྲུག་ཆུ་ས་ཁུལ་ལ་ཐུགས་གསོའི་མཚམས་འཕྲིན།

ཐུགས་གསོའི་འཚམས་འཕྲིན། ༸གོང་ས་མཆོག་གིས་ཐེངས་འདིའི་འབྲུག་ཆུ་རྫོང་གི་ས་རུད་ཀྱི་དོན་རྐྱེན་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་རྗེས་ཤུལ་ནང་མི་ཚོར་སེམས་གསོ་དང་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་དགོང་མོར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ས་རུད་ཀྱི་རྐྱེན་པས་ཚེས་ ༡༢ བར་མི་ ༡༡༤༤ འདས་གྲོངས་དང་། མི་ ༦༤ ལ་རྨས་སྐྱོན་ཚབས་ཆེན་ཕོག་པ། མི་ ༦༠༠ ལྷག་གར་སོང་ཆ་མེད་དུ་གྱུར་བར་བརྟེན། ཕྱི་ཚེས་ ༡༤ ཉིན་༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་རྣམ་གཉིས་དབུས། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་གཞན་དང་། བཀའ་བློན་ཁྲི་པ་མཆོག་གིས་དབུས་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་རྣམ་པ། ངྷ་སའི་ཉེ་འགྲམ་གྱི་དགོན་སྡེ་ཁག་གྲྭ་བཙུན་དང་སློབ་མ། སེར་སྐྱ་མི་མང་འདུ་འཛོམས་ཀྱིས་སྨོན་ལམ་གསོལ་འདེབས་གནང་ཡོད། ༸གོང་ས་མཆོག་གིས་ཉེ་ལམ་ཆུ་རུད་ཀྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་མཛད་ཡོད་པ་མ་ཟད། སེམས་གསོའི་གསུང་འཕྲིན་ཞིག་ཀྱང་བསྩལ་ཡོད་པ་རེད། གསུང་འཕྲིན་དེའི་ནང་འཁོད་དོན། ཉེ་ཆར་རྒྱ་གར་དང་པ་ཀི་སི་ཐན་ནང་ཆུ་རུད་ཀྱི་གོ་ཆག་འོག མི་མང་པོའི་ཚེ་སྲོག་ཤོར་བ་དང་རྒྱུ་དངོས་རྩ་འཐོར་ཕྱིན་པར་ངོས་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང། ངོས་ནས་རྗེས་ཤུལ་རྣམས་ལ་སེམས་གསོ་དང་ཚེ་འདས་རྣམས་ཀྱི་ཆེད་སྨོན་ལམ་རྒྱག་རྒྱུ་ཙམ་མ་ཟད། ངལ་སེལ་དང་རོགས་སྐྱོབ་ཀྱི་ལས་གཞིར་ཞལ་འདེབས་ཀྱང་ཕྲན་བུ་ཞིག་སྤྲོད་རྒྱུ་བྱུང། ཕྱོགས་མཚུངས་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ལྷོ་ཤར་མཚམས་སུ་ཡོད་པའི་འབྲུག་ཆུ་རྫོང་དུ་ས་རུད་ཤུགས་ཆེ་བྱུང་བའི་གོད་ཆག་དེའི་འོག་མི་གྲངས་མང་པོའི་ཚེ་སྲོག་ཤོར་ཡོད། གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ལོ་ངོ་བཅུ་ཕྲག་མང་པོའི་རིང་བྱུང་མ་མྱོང་བའི་རྐྱེན་ངན་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག སྲིད་བློན་ཝུན་ཅ་པའོ་ནས་ངལ་སེལ་དང་རོགས་སྐྱོབ་ཀྱི་ལས་གཞིར་གཟིགས་རྟོགས་ཆེད་འབྲེལ་ཡོད་ས་གནས་ལ་གཟིགས་སྐོར་གནང་བ་ངོས་ཀྱིས་ཤེས་བྱུང། ངོས་ཀྱིས་འབྱུང་བའི་གོད་ཆག་དེའི་འོག་ཚེ་སྲོག་ཤོར་བ་རྣམས་ལ་སྨོན་ལམ་རྒྱག་རྒྱུ་དང། རྗེས་ཤུལ་ནང་མི་ཚོར་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ཆེད་ལས་པ་ཚོས་གསུངས་པར་གཞིགས་ན་སྔར་མ་གྲགས་པའི་ཆུ་རུད་དེ་འདྲ་བྱུང་བ་དང། ཨུ་རུ་སུའི་ནང་ཤིང་ནགས་ལ་མེ་སྐྱོན་ཚབས་ཆེ་ཤོར་བའི་འབྱུང་རྐྱེན་གཙོ་བོ་ནི་སྔར་མ་བྱུང་བའི་གོ་ལའི་ཚ་དྲོད་རྒྱས་པ་དང་ཁོར་ཡུག་གི་གནད་དོན་མང་པོར་ཐུག་པ་ཞིག་ཡིན་འདུག དེར་བརྟེན་ང་ཚོས་ཐུན་མོང་ཐོག་ནས་ཁོར་ཡུག་གནས་སྟངས་ཉག་ཕྲ་བོ་དེ་དག་བདག་སྲུང་བྱེད་རྒྱུར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་འབད་བརྩོན་དགོས་རྒྱུ་དེ་དུས་ཀྱི་དགོས་མཁོ་ཞིག་ཆགས་ཡོད། དེ་རིང་སྔ་དྲོ་སླར་ཡང་དམིགས་བསལ་སྨོན་ལམ་གོ་སྒྲིག་ཞུས་ཏེ། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་འབྱུང་བའི་གོད་ཆག་འོག ཚེ་སྲོག་ཤོར་བ་དང་གོད་ཆག་འོག་དཀའ་ངལ་མྱོང་བཞིན་པའི་རྗེས་ཤུལ་ཚོར་སྨོན་ལམ་འཚོགས་སྐབས་ངོས་ཀྱང་མཉམ་ཞུགས་བྱས་ཡོད་ཅེས་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པ་རེད།

བཀའ་ཤག་གི་འཚམས་འཕྲིན།
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་གནོད་འཚེ་བྱུང་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པའི་ཐད་བོད་གཞུང་བཀའ་ཤག་གིས་ཐུགས་གསོའི་འཚམས་འཕྲིན་ཕུལ་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༨ རེས་གཟའ་ཉི་མའི་ཉིན་མདོ་སྨད་ཀན་ལྷོ་འབྲུག་ཆུ་རྫོང་དུ་ཆུ་ལོག་བརྒྱབ་སྟེ་མི་རྒྱུ་གཉིས་ལ་གྱོང་གུན་ཚབས་ཆེན་ཕོག་པར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་འདུག་ལ། དེའི་ནང་འཁོད་དོན། བོད་མདོ་སྨད་ཆོལ་ཁའི་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་འབྲུག་ཆུ་རྫོང་དུ་ཆུ་རུད་ཀྱི་འཇིག་པ་བྱུང་སྟེ་མི་གྲངས་ ༡༢༧ ཙམ་རྐྱེན་འདས་སུ་གྱུར་བ་དང། མི་གྲངས་སྟོང་ཙམ་གར་སོང་ཆ་མེད་དུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བློ་ཕམ་ཞུ་བཞིན་པར་མ་ཟད། རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང། ལུས་སེམས་དཀའ་ངལ་འོག་གནས་བཞིན་པ་རྣམས་མྱུར་དུ་དྲག་སྐྱེད་ཐུབ་པ་དང་ཁང་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་བསྐྱར་གསོ་གང་མགྱོགས་ཡོང་ཆེད་སྨོན་ལམ་ཞུ་བཞིན་ཡོད་པ་མ་ཟད། གོད་ཆག་འོག་རྐྱེན་འདས་སོང་བ་རྣམས་ཀྱི་རྣམ་ཤེས་ཞི་བདེའི་ངང་གནས་པ་དང་རྨས་སྐྱོན་ཕོག་པ་རྣམས་མྱུར་དུ་དྲག་སྐྱེད་ཐུབ་ཆེད་ཕྱི་ཟླ་ ༨ ཚེས་ ༡༠ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཀའ་ཤག་གི་གོ་སྒྲིག་འོག་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་རྣམས་ཚང་འཛོམས་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དམིགས་བསལ་སྨོན་ལམ་འཚོགས་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད།
སྤྱི་འཐུས་ཀྱི་འཚམས་འཕྲིན།
་ཕྱི་ཚེས་ ༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་ཚབས་ཆེའི་གནོད་སྐྱོན་ཕོག་པར་ཐུགས་གསོའི་འཚམས་འཕྲིན་གནང་ཡོད། འཚམས་འཕྲིན་དེའི་ནང་གསལ་དོན། བོད་རྒྱལ་ལོ་ ༢༡༣༧ རབ་གནས་ལྕགས་སྟག་ལོའི་བོད་ཟླ་ ༦ ཚེས་ ༢༨ ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༨ ཀྱི་སྔ་དྲོ་ཐོ་རེངས་སྐབས་སུ། དེང་སང་རྒྱ་ནག་གིས་ཀན་སུའུ་ཞིང་ཆེན་ཞེས་པར་བགོས་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་གློ་བུར་དུ་ཆུ་ལོག་ཚབས་ཆེན་བྱུང་སྟེ། ད་ལྟའི་བར་མི་ ༡༢༧ ཙམ་རྐྱེན་ལམ་དུ་ཕྱིན་པ་དང་། མི་ ༢༠༠༠ ལྷག་གར་སོང་ཆ་མེད་དུ་གྱུར་པ། དུད་ཚང་ ༣༠༠ ཅན་གྱི་གྲོང་སྡེ་རྨེག་མེད་དུ་འདེད་དེ་འབྲུག་ཆུའི་སྨད་རྒྱུད་ཡུལ་གྲུ་ཁག་གི་མང་ཚོགས་ཀྱི་བདེ་འཇགས་ལའང་ཉེན་ཁ་ཚབས་ཆེན་འཕྲད་བཞིན་པའི་གནས་ཚུལ་སྐྱི་གཡའ་བ་བརྗོད་ཀྱི་མི་ལངས་པ་ཐོན་བཞིན་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ད་ཐེངས་ཆུ་ལོག་གི་འཇིག་པའི་ཁྲོད་ནས་རྐྱེན་ལམ་དུ་ཕྱིན་པའམ། རྨས་སྐྱོན་ཕོག་པའི་བོད་རིགས་སྤན་ཟླ་གཙོས་མི་རིགས་ཁག་གི་མི་མང་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང་། རྐྱེན་འདས་སུ་ཕྱིན་པ་རྣམས་ལ་དལ་འབྱོར་མི་ལུས་མྱུར་དུ་ཐོབ་པའི་སྨོན་ལམ་ཡང་ཞུ་རྒྱུ་ཡིན། ཆུ་ལོག་གི་དོན་རྐྱེན་བྱུང་མ་ཐག རྒྱ་ནག་དབུས་གཞུང་གིས་མཐོང་ཆེན་པོའི་ངང་ཛ་དྲག་མྱུར་སྐྱོབ་རིམ་པ་ཨང་གཉིས་པ་དང་། འཕྲལ་སྐྱོབ་མ་དངུལ་རྒྱ་སྒོར་དུང་ཕྱུར་ལྔ་འཕྲལ་མར་གནང་སྟེ་མྱུར་སྐྱོབ་ཀྱི་ལས་འགོ་བརྩམས་པ་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་བློན་སྐུ་ཞབས་ཝུན་ཇ་པའོ་མཆོག་དུས་ཚོད་དང་པོའི་སྐབས་སུ་ཆུ་ལོག་བྱུང་ཡུལ་འབྲུག་ཆུ་ས་ཁུལ་དུ་ཕེབས་འབྱོར་བྱུང་བ་བཅས་ལ་རྗེས་སུ་ཡི་རངས་ཞུ་ཡི་ཡོད་ཅེས་གསལ་ཡོད། ཡང་འཚམས་འཕྲིན་དེའི་མུ་མཐུད་དེ་གསལ་དོན། ཚང་མས་མཁྱེན་གསལ་ལྟར། མདོ་སྨད་འབྲུག་ཆུ་ས་ཁུལ་ནི་བོད་ཁུལ་དུ་ནགས་ཚལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ས་གནས་ཤིག་ཡིན་ཞིང་། ལོ་རྒྱུས་ཐོག་ཆུ་ལོག་བྱུང་བའི་གནས་ཚུལ་མཐོང་ཐོས་དཀའ་ཡང་། རྒྱ་ནག་གིས་བོད་དབང་བསྒྱུར་བྱས་པའི་རྗེས་སུ་ནགས་ཚལ་སྨྱོན་ཧམ་ལྟར་གཅོད་འབྲེག་བྱས་པའི་དབང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཤིན་ཏུ་ཚབས་ཆེན་ཐེབས་ཡོད་པར་མ་ཟད། ཤིང་ནགས་བཅད་ཟིན་མཚམས་གཙོ་བོ་གཏེར་ཁ་སྔོག་འདོན་དང་། ཆུ་གློག་གསར་རྒྱག་བཅས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཀྱི་འཆར་གཞི་གང་ཡང་མེད་པའི་ལས་གྲྭ་འབོར་ཆེན་སྤེལ་བཞིན་པ་སོགས་ནི་ད་ཐེངས་ཆུ་ལོག་ཚབས་ཆེན་ཡོང་བའི་རྐྱེན་རྩ་གཙོ་བོ་ཡིན་སྟབས། རྒྱ་ནག་གཞུང་ནས་ཚན་རིག་དང་མཐུན་པའི་གོང་སྤེལ་ལྟ་བའི་གཞུང་ལུགས་གཏན་ལ་ཕབ་པ་གཞིར་བཟུང་། བོད་ཁུལ་དུའང་དེ་མཚུངས་ལག་བསྟར་ཐུབ་པའི་རེ་བ་དང་། ད་ཐེངས་མྱུར་སྐྱོབ་ཀྱི་ལས་འགུལ་ཁྲོད་དུའང་གཙོ་བོ་དམག་མི་དང་། དྲག་ཆས་ཉེན་རྟོག་པ། ཉེན་རྟོག་པ་སོགས་འབོར་ཆེན་གཏོང་བཞིན་ཡོད་ན། ཁོང་ཚོའི་དཀའ་སྤྱད་འབད་བརྩོན་དང་སྐུལ་སློང་ལ་དོགས་པ་མེད་ཀྱང་། ནམ་རྒྱུན་གྱི་ཉམས་མྱོང་ལས་རྒྱ་ནག་གིས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོབ་དང་། གསང་བ་ཕྱིར་བསྒྲགས་སོགས་ཀྱི་སྲིད་བྱུས་འོག་གྱོང་གུན་ཕོག་པའི་མང་ཚོགས་ལ་དགོས་མེད་ཀྱི་བརྡབ་གསིག་འཕར་མ་སོགས་མི་ཡོང་བའི་རེ་བ་བཅས་ཞེས་གསལ་འདུག
 
༧གོང་ས་མཆོག་གི་མཛད་འཕྲིན།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334