འཚོལ་བཤེར:
༧གོང་ས་མཆོག་གི་མཛད་འཕྲིན།

བོད་དོན་སེལ་རོགས།

རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་ཐག་གིས་ཁེ་ཎ་ཌར་ འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ ༨ གྱི་དབུ་ཁྲིད་ཚོར། བོད་དོན་གྲོས་མོལ་བརྒྱུད་ཐག་གཅོད་ཡོང་རྒྱུར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ ཞུས་པར་བོད་མི་མང་སྤྱི་འཐུས་ནས་ཐུགས་རྗེ་ཆེ་ཞུས་ཡོད། ཕྱི་ཟླ་ ༦ པའི་ཚེས་ ༢༥ དང་ ༢༦ ཉིན་གཉིས་རིང་ཁེ་ཎ་ཌའི་གྲོང་ཁྱེར་ཊོ་རོན་ཊོར་སྟོབས་ཆེན་རྒྱལ་ཁབ་ ༨ དང་ ༢༠ ཡི་ཚོགས་ཆེན་ཞིག་འཚོགས་ཡོད་ལ། སྐབས་དེར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ INPaT གི་ཟུང་འབྲེལ་ཚོགས་གཙོའམ་ཨི་ཊ་ལིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་ཊོ་མེ་ཁི་ སི་ Matteo Meccaci མཆོག་དང་། འཇར་མན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མན་ Thomas Mann གཉིས་གཙོ་བོར་གནང་བའི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས། སྟོབས་ལྡན་རྒྱལ་ཁབ་ ༨ ཀྱི་ལྷན་ཚོགས་ཐོག་ཞུགས་པའི་འཛམ་གླིང་དབུ་ཁྲིད་ཚོར། བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱབ་སྐྱོར་དགོས་པའི་རེ་ འདུན་བཏོན་པར་གོང་ཚེས་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐུགས་རྗེ་ཆེའི་ གསུང་འཕྲིན་ཞིག་ཕུལ་ཡོད་འདུག གསུང་འཕྲིན་ནང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུངས་དོན། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཀྱིས་བོད་དོན་ཐོག་ འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བར་ང་ཚོར་བློ་སྤོབས་བསྐྱེད་བྱུང་། ༢༠༠༨ ལོ་ནས་བཟུང་འབྱོར་ལྡན་རྒྱལ་ཁབ་ ༨ ཀྱི་ཚོགས་མི་ ༧ ནས་བོད་རྒྱའི་གནད་དོན་སེལ་ཆེད་རྒྱ་ནག་གཞུང་དང་༧ གོང་ས་མཆོག་གི་སྐུ་ཚབ་བར་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ངའི་བསམ་པར་སྟོབས་ཆེན་ ༨ དང་ ༢༠ ཡི་དབུ་ཁྲིད་ཚོས་བོད་ཀྱི་གནད་དོན་དེ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱབ་ སྐྱོར་ཞུ་ཐུབ་རྒྱུའི་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་བརྗོད་ཡོད། གོང་གསལ་འཐུས་མི་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་འགྱུར་བ་འགྲོ་བཞིན་ པ་དང་། བོད་ནང་གི་ཆུའི་ཐོན་ཁུངས་དང་རྒྱ་གཞུང་གིས་བོད་ཀྱི་ས་ཆ་བེད་སྤྱོད་གཏོང་བཞིན་ པའི་སྲིད་བྱུས་ཐོག་རྒྱལ་སྤྱིའི་རང་དབང་ཅན་གྱི་ཚན་རིག་ཞིབ་འཇུག་ཚོགས་ཆུང་ ཞིག་གཏོང་དགོས་རྒྱུའི་རེ་འདུན་བཏོན་པར་མ་ཟད། རྒྱ་གཞུང་གིས་བོད་ཀྱི་གཏེར་ཁ་སྔོག་འདོན་གྱི་སྲིད་བྱུས་གཏན་འབེབས་སྐབས་ངེས་ པར་དུ་བོད་མི་དང་བོད་ཀྱི་འབྲོག་པ་ཚོ་མཉམ་ཞུགས་དགོས་རྒྱུ་དང་། བོད་ཀྱི་ཆུའི་ཐོན་ཁུངས་སྤྱོད་མཁན་གྱི་རྒྱལ་ཁབ་ཚོས་བོད་ཀྱི་ས་ཆའི་གནས་སྟངས་ ལ་ཉམས་ཞིབ་བྱ་དགོས་པའི་རེ་འདུན་བཅས་བཏོན་ཡོད། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་ཀྱི་ཚོགས་འདུ་ཐེངས་དང་ པོ་དེ་ ༢༠༠༩ ལོའི་ཕྱི་ཟླ་ ༡༡ ནང་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ ཚོགས་པའི་ཚོགས་ཆེན་ཐེངས་ ༥ དང་སྟབས་བསྟུན་འཚོགས་ཐུབ་པ་བྱུང་ཡོད། དེ་བཞིན་ཚེས་ ༣༠ ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་སི་པན་གྱི་རྒྱལ་ས་མག་ཊི་རུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་ འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཚོགས་འདུ་ཞིག་འཚོགས་ཡོད་ལ། སི་པན་ཕྱི་འབྲེལ་ཚན་པས་བརྗོད་ན། ཕྱོགས་གཉིས་ཀྱིས་བསྐྱར་དུ་བོད་དང་ཤིན་ཅང་གི་གནས་སྟངས་ཐད་གླེང་མོལ་བྱ་རྒྱུ་ རེད་འདུག སི་པན་གྱི་གསལ་བསྒྲགས་དེའི་ནང་། ཡུ་རོབ་མནའ་འབྲེལ་གྱིས་རྒྱ་ནག་ཕྱོགས་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་བཏང་ བའི་མིང་གཞུང་འགའ་སྤྲད་དེ་མི་སྣ་དེ་དག་གི་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་ བརྗོད་ཡོད། ༡༩༩༥ ལོའི་རྗེས་ནས་ཡུ་རོབ་དང་རྒྱ་ནག་བར་ལོ་ཕྱེད་རེའི་མཚམས་སུ་ཚོགས་འདུ་རེ་འཚོགས་ ཀྱིན་ཡོད་ལ། ཐེངས་འདིའི་འགྲོ་བ་མིའི་ཐོབ་ཐང་གླེང་མོལ་དེ་ཡུ་རོབ་མཐུན་ཚོགས་ཀྱིས་གཙོ་ སྐྱོང་བྱས་པ་ཞིག་ཡིན། གསལ་བསྒྲགས་དེའི་ནང་མུ་མཐུད་དོན། འབྲེལ་ཡོད་ཀྱི་གླེང་མོལ་དེ་ཕྱོགས་གཉིས་ཀྱི་ངོས་ནས་བཤད་ན་གོ་སྐབས་ཤིག་ཡིན་ལ། གྲོས་མོལ་དེ་བརྒྱུད་ཡུ་རོབ་མཐུན་ཚོགས་ནང་ཁུལ་དང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ ཐང་གི་གནས་སྟངས་ཐད་ཀྱི་མི་མཐུན་པའི་བསམ་ཚུལ་དང་ལངས་ཕྱོགས་ཁག་གསལ་སྟོན་ཐུབ་ ཀྱི་ཡོད་ཅེས་བཀོད་ཡོད།

བོད་ཀྱི་དུས་བབ་ལས་དྲངས།

 
༧གོང་ས་མཆོག་གི་མཛད་འཕྲིན།

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334