འཚོལ་བཤེར:
ལམ་ཡིག་འདིའི་ངོ་སྤྲོད་གླེང་མོལ།
རྡོ་རྗེ་དབང་ཕྱུག་གིས།
ཉེ་བའི་ཟླ་ཤས་རིང༌། དུས་ཀྱི་ཁོམ་པ་ནམ་བྱུང་ལ་མར་པ་ལོ་ཙཱ་པ་ཆོས་ཀྱི་བློ་གྲོས་དང༌། རྗེ་བཙུན་མི་ལ་རས་པ་བཞད་པའི་རྡོ་རྗེ། རས་ཆུང་ཞི་བ་འོད། ར་ལོ་ཙཱ་པ་རྡོ་རྗེ་གྲགས་བཅས་ཀྱི་རྣམ་ཐར་ཞིབ་མཇལ་ཞུས་ཤིང༌། རྣམ་ཐར་དེ་དག་གི་ནང༌། རང་རེའི་ཆོས་འབྱུང་དང་ལོ་རྒྱུས་དེབ་གཞི་ཁག་ནང་མ་གསལ་བའི་དོན་གནད་མང་པོ་ཞིག་ འདུག་པ་ནི། སྐབས་དེའི་སྤྱི་ཚོགས་དང་ཆོས་རིག་གནས་བབ་རྒྱུས་ལོན་བྱེད་པར་མ་བལྟས་མི་རུང་ གི་དཔྱད་ཡིག་གལ་ཆེའི་གྲས་སུ་མཐོང་ཞིང༌། དེ་འབྲེལ་གྱི་དོན་གནད་ཁག་ཟུར་འདོན་གྱིས་བཀླགས་ཐོ་རྒྱས་པ་ཞིག་བཏབས་ཏེ། གལ་ཆེའི་ཡིག་སྣོད་ནང་བཅུག་པ་ཡིན། དེ་རྗེས་ཙམ་ལ་ཆག་ལོའི་ལམ་ཡིག་དང༌། ཐང་སན་ལམ་ཡིག ཧྥ་ཤཱན་གྱི་ལམ་ཡིག དགེ་ཆོས་ཀྱི་གནས་ཡིག་དང་གཏམ་རྒྱུད་གསེར་ཐང་གིས་མཚོན་པའི་རྒྱ་གར་གནས་བཤད་ཁག་ ཅིག་བཀླགས་ཏེ། བོད་དང་རྒྱ་ནག་གི་མཁས་པ་ཁག་ཅིག་ནས་གནའ་རབས་དང་ཉེ་རབས་ཀྱི་དུས་ཡུན་ནང་རྒྱ་ གར་གྱི་སྤྱི་ཚོགས་འགྲིམས་སྐབས་ཀྱི་གནས་སྟངས་དང་གཟིགས་སྟངས་བ་ཀྱི་ཕྱོགས་ངོས་ བསྔོགས་ནས་གནའ་བོའི་རྒྱ་གར་གྱི་ཤེས་རིག་ལོ་རྒྱུས་ཀྱི་སྐོར་དང་འབྲེལ་བའི་ གནད་དོན་མང་པོ་ཞིག་ཐོ་འགོད་ཐུབ་པ་བྱུང་བ་དེ་ཉས་ཀྱིས་ངེད་རང་ལ་མྱོང་ཚོར་དང་ ཧམ་པ་ཞིག་སྐྱེས་བཅུག་པ་ནི། རྒྱལ་བའི་བཀའ་འགྱུར་རོ་ཅོག་ཞིབ་མཇལ་དུས་ཁོམ་དང་མཐུན་རྐྱེན་འཛོམས་པ་ཡིན་ན། ནང་པའི་གནས་གཞི་མང་པོ་ཞིག་དང་མཁས་གྲུབ་རིམ་བྱོན་མང་པོ་ཞིག་གི་བྱུང་བ་བརྗོད་ པའི་ཡིག་ཚགས་ཤིག་བསྒྲིག་ཐུབ་པར་འདུག་ཨང་སྙམ་པའི་སེམས་ཚོར་ཡར་བྱུང༌། དེ་ལྟར་ནའང༌། དེ་འདྲ་ནི་བདག་དང་བདག་འདྲ་བ་རྣམ་པར་དཔྱོད་པའི་རྩལ་སྟོབས་ཀྱི་ན་ཕྲ་བ་ཞིག་ གིས་ལྕོགས་པ་ཞིག་མིན་པར་སྙམ་མུར་ཡང༌། མཁས་པ་དག་གི་གསུང་གིས་ཡིད་དབང་འཕྲོག་ནས་ཧམ་སེམས་དེ་འདོར་མ་ཐུབ། གནས་སྐབས་འདི་འདྲ་ཞིག་སྟེ། བདུན་ཕྲག་འགའི་སྔ་རོལ་དུ། ད་ལྟའི་༼གནས་ཡིག༽དེབ་འདི་རྩོམ་སྒྲིག་པའི་ཐུགས་རེ་བཞིན་ཞུས་དག་དང་མཉམ་དུ་ ཐེངས་གཅིག་བཀླགས་པ་ཡིན། འདི་ནི་ངས་འདི་སྐོར་ལ་དོ་སྣང་བྱེད་བཞིན་པའི་གནས་སྐབས་སུ་བཀླགས་པས་ཡིན་ནམ་ གང་ལྟར། རྩོམ་པ་པོར་རློམ་པ་ཁག་ཅིག་གིས་སེམས་ཚོར་ཁོ་ན་རི་མོར་ཕབ་པའི་དེབ་གཞི་དེ་ཚོ་ ནི་བཀླགས་ཚར་བ་དང་གད་སྙིགས་སུ་གཡུག་པ་ལས་དཔེ་སྒྲོམ་ནང་འཇོགའི་ཡི་ག་འགག་ འགྲོ་ཐེངས་རེར་དུས་ཚོད་བཏང་བར་འགྱོད་པ་ཆེན་པོ་སྐྱེ་འོང་བ་དག་དང་བསྡུར་ཐབས་ མེད་པའི་ཚོར་བ་ཞིག་སྦྱིན་སོང་ལ། ཐིག་ཕྲེང་གཉིས་གསུམ་གྱི་བཀླགས་ཐོ་ལས་འདེབས་རིན་མེད་པའི་དེབ་དག་དང་ཡེ་མི་ འདྲ་བའི་ཚོར་བ་ཞིག་སྐྱེས་སུ་བཅུག དེ་ནི་ད་ལྟ་ང་ཚོས་ཀློག་བཞིན་པའི་དེབ་འདི་རེད། ཡང་གོང་ཞུས་མྱོང་ཚོར་ལ་འཇུས་ཏེ་བཤད་ན། གནས་སྐབས་དེ་འདྲ་ཞིག་ལ། རིགས་པའི་གྲོགས་པོ་ཞིག་ལ་རང་གི་མྱོང་ཚོར་སྐོར་གླེང་མོལ་ཞུས་པར། ཁོང་གིས་ནི། སེམས་ཚོར་ཡོད་མུས་ཀྱི་སྐབས་འདིར་ལྷོ་བརྒྱུད་གནས་བརྟན་སྡེ་པས་གསུང་རབ་ཀྱི་ མཆོག་དམ་པར་བརྩི་བ་ཆོས་ཀྱི་ཚིགས་སུ་བཅད་པའི་རིམ་པ་རྣམས་མཁས་ང་དགེ་འདུན་ཆོས་ འཕེལ་མཆོག་གིས་བྱང་བརྒྱུད་གཞི་ཡོད་སྨྲ་བའི་སྡེའི་ཁྲོད་ཆུ་ལ་ཆུ་བཞག་གིས་ བསྒྱུར་ནས་ཡོད་པ་དེ་ཞིབ་མཇལ་ཞུ་བའང་གལ་ཆེན་ཡི་འི་དྲན་སྐུལ་གནང་དོན་བཞིན། དེ་ཡང་ཞིབ་ཚགས་པོས་ཐེངས་གཅིག་མཇལ་བ་བཅས་ཀྱི་དོན་མདོར། རྒྱ་གར་ནང་པའི་གནས་ཆེན་ཁག་གི་སྔོན་དང་ད་ལྟའི་གནས་བབ་སྐོར་ལ་ཉམས་ཞིབ་ཟིན་ཐོ་ ཞིག་འདེབས་པའི་སྤོབས་གདེང་ཇེ་ཆེར་གྱུར་པའི་སྐབས་འདི་འདྲ་ཞ་ལ། གནས་ཡིག་འདི་བཞིན་རྩོམ་སྒྲིག་བྱེད་པོ་གྲོགས་མཆེད་ཀླུ་སྒྲུབ་ལགས་ཀྱི་ཐུགས་ རེ་ལྟར་ཞུས་དག་ཐེངས་གཅིག་གི་ལས་དོན་བྱས་ཤིང༌། ཞུས་དག་ཟིན་པ་དང་ཡང་བསྐྱར་ཚར་གཅིག་བཀླགས་པ་ཡིན། འདི་ནི། ཉེ་བའི་ལོ་ཤས་རིང་དེབ་གཞི་མང་པོ་ཞིག་ཞུས་དག་བགྱིས་རིམ་ནང༌། ཞུས་དག་ཐེངས་གཅིག་ཟིན་པ་དང་བསྐྱར་ཀློག་ཐེངས་གཅིག་བྱས་པའི་དེབ་གཞི་ཨང་གཉིས་ པ་དེ་ཆགས་སོང༌། ངའི་བསམ་ངོར། ལམ་ཡིག་འདི་ནི་ད་ཕན་གྱི་ལམ་ཡིག་རྒྱས་བསྡུས་མང་པོ་ཞིག་གི་སྙིང་དོན་འདུས་ ཤིང༌། དེ་བས་ཀྱང་གནའ་བོའི་གནས་བབ་དང་དེང་གི་གནས་སྟངས་གཉིས་ཀ་གསལ་འཁོད་གནང་ནས་ འདུག་སྟབས། ཉམས་ཞིབ་གནང་མཁན་ཞིག་ལ་མཚོན་ནས་བཤད་ན་ནི། རིན་ཐང་བྲལ་བའི་ཡིག་ཚགས་ཞིག་མཁོ་འདོན་དང༌། གནས་སྐོར་བ་ཞིག་ལ་མཚོན་ན། དེང་རབས་འགྲིམ་འགྲུལ་མཐུན་རྐྱེན་ཚུན་གསལ་བཤད་དང༌། དེ་འབྲེལ་གྱི་དཔར་རིས། ས་ཁྲ་བཅས་ཞིབ་འགོད་གནང་ནས་འདུག་པ་འདི་ནི། རྣམ་པ་གསར་པ་ཞིག་དང༌། མངོན་སྟོན་བྱེད་སྟངས་གསར་པ་ཞིག་རེད་ལ། འདི་ནི་བོད་ཡིག་ནང་བཀོད་པའི་དེང་རབས་ལུགས་ཀྱི་ལམ་ཡིག་བསྒྲིག་སྟངས་སམ་རྣམ་པ་ ཆ་ཚང་ཤོས་ལྟ་བུ་ཞིག་ཏུ་མཐོང་ཞིང༌། དེ་བས་ཀྱང༌། ངེད་རང་གིས་སྔོན་གྱི་མཁས་པའི་རྣམ་ཐར་ཁག་ཅིག་དང༌། གསུང་རྩོམ་ཁག་ཅིག་མཇལ་བའི་མཐའ་དོན་དུ་ཉམས་ཞིབ་ཟིན་བྲིས་ཤིག་འདེབས་བློའི་ཐད་ བློ་སྐྱེད་གང་འཚམ་ཐོབ་པར་གྱུར། འདི་ནི་ང་རང་གིས་ཕྱོགས་ངོས་འདིར་དོ་སྣང་ཆེ་སྒང་འདི་ལྟར་ཞིབ་ཀློག་བགྱིས་པའི་ མྱོང་བ་ཙམ་ཡིག་ལམ་དུ་བཀོད་པ་ལགས་མོད་ཀྱང༌། གཞི་རྩའི་ཆ་ནས་དེབ་གཞི་འདིར་རིན་ཐང་དང་ཁྱད་ཆོས་ཅི་ཡོད་ཀྱི་ཚད་གཞི་ནི། ཤེས་ནས་ཀློག་མཁན་ཚོས་ངོས་འཛིན་ཡང་དག་བྱ་རྒྱུར་བརྟེན། འདིར་ངེད་རང་ནས་དེབ་གཞི་འདི་ཞུས་དག་དང་བསྐྱར་ཀློག་གི་མྱོང་ཚོར་བྱིངས་ལས། ཁྲོམ་པར་བསྒྲགས་འོས་ཀྱི་རིགས་ཉུང་ངུའི་ཚིག་ཏུ་བསྟར་བ་ཙམ་ལགས། མདོར་ན། ད་ལྟའི་ལམ་ཡིག་འདི་བཞིན་གང་ན་ཁུངས་ཐུབ་ཏུ་བལྟ་བའི་དཔྱད་གཞིའི་ཡིག་ཆ་དང། སྔོན་གྱི་མཁས་པ་དག་གིས་མཛད་པའི་ལམ་ཡིག་རྒྱས་བསྡུས་སྣ་ཚོགས། དེ་བས་ཀྱང་རང་ཉིད་ས་གནས་ས་ཐོག་ཏུ་ཆེད་བསྐྱོད་ཀྱིས་བསྡུར་ཞིབ། དཔར་ལེན། དེང་དུས་ཀྱི་ཡུལ་སྐོར་ལག་དེབ་སྣ་ཚོགས་བཅས་ཀྱི་ཉིང་བཅུད་བསྡུ་ལེན་དང། ལྷག་དོན་ཇོ་བོ་རྗེའི་གདན་ས་བིཀྲཱམ་ཤཱི་ལ་དང། ནཱལཱནྡཱའི་སྐོར་སོགས་ལྟ་བུ་ད་ཕན་བོད་རིགས་སུ་གང་གིས་མ་ཐོན་པའི་ཉམས་ཞིབ་ཀྱི་ སྙིང་དོན་བསྡུས་འགོད་ཤིན་ཏུ་ནས་དོན་ཆེ་གནད་བསྡུས་གནང་འདུག་ནི་རྗེས་སུ་ཡི་ རང་དང་བསྔགས་པའི་ཡུལ་ཚད་ཐུབ་ཏུ་བདག་མཐོང། མཇུག་ཏུ་ཚུལ་འདིར་ཞིབ་ཀྱིས་འཇུག་པའི་བློ་གྲོས་ཀྱི་ན་རྒྱས་ཤིང༌། སྤྲོ་བ་དང་ཡང་ལྡན་པ་དག་གིས་ནི། བོད་དང་རྒྱ་ནག་གི་མཁས་པས་རྒྱ་གར་ཡུལ་གྲུ་འགྲིམས་པའི་ལམ་ཡིག་དང་གནས་བཤད་ཀྱི་ ཡིག་ཆ་རྙིང་གྲས་ཁག་དང༌། སྔོན་གྱི་ལོ་ཙཱ་པ་རྣམས་ཀྱི་རྣམ་ཐར་ལའང་ཞིབ་མཇལ་རེ་ཅིས་ཀྱང་གནང་རོགས་ཞེས་ ཀྱང་སྟབས་གཅིག་ཏུ་ཞུའོ།། གང་གིས་ན། དེ་ཚོའི་ནང་ང་ཚོས་ཤེས་དགོས་ངེས་ཀྱི་དོན་གནད་མང་དུ་འདུག་པར་མཐོང་ངོ༌།། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༡ ཉིན།
རྩོམ་སྒྲིག་པའི་གླེང་མོལ།
སྐྱེས་སར་ཀླུ་སྒྲུབ།
ཆོས་ལུགས་པ་ཞིག་གི་ངོས་ནས་བསམ་ན། རང་གི་བློ་སྣ་འཁྲིད་བྱེད་ཀྱི་བསྟན་པ་དང༌། བསྟན་པ་དེ་འདོམས་པར་མཛད་མཁན་གྱི་སྟོན་པའི་གནས་རྣམས། རང་ཉིད་ལ་ཆོས་ལུགས་དེ་ཅི་ཙམ་རྩ་ཆེ་བ་དེ་བཞིན་བསྟན་པ་དར་ས་དང༌། སྟོན་པ་བཞུགས་ས་དེ་གལ་འགངས་ཆེན་པོ་ཞིག་ཡིན་པ་སྨོས་མ་དགོས། དེར་བརྟེན་སངས་རྒྱས་ཆོས་ལུགས་པ་ཞིག་ལ་ཆ་བཞག་ན། སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་ནས་མཐར་སྐུ་མྱ་ངན་ལས་མ་འདས་པའི་བར་མཛད་པ་ ཅི་རིགས་བསྟན་པའི་གནས་ཆེན་རྣམས་ཀྱི་བྱུང་བ་ཤེས་རྟོགས་བྱེད་ྱུ་དང༌། དེར་གནས་མཇལ་ཞུ་རྒྱུ་སོགས་ནི་སངས་རྒྱས་ཆོས་ལུགས་པ་ཞིག་ལ་མཚོན་ན་ཆོས་ཀྱི་ བྱེད་སྒོ་གལ་ཆེན་ཞིག་ཡིན་པ་རེད། སངས་རྒྱས་ཆོས་ལུགས་ཀྱི་བྱུང་རབས་རྣམས་སུ་སངས་རྒྱས་རང་གི་ཞལ་ནས་མ་འོངས་པར་ སངས་རྒྱས་རང་གི་མཛད་ཆེན་ཁག་ཏུ་མཇལ་སྐོར་ལ་ཡོང་མཁན་མང་པོ་ཡོདྟབས། དེ་སོ་སོར་སངས་རྒྱས་ཀྱི་གནས་ཆེན་རྣམས་སྟོན་དགོས་ཚུལ་གསུངས་ཡོད་པ་རེད་ཅེས་ འཁོད་འདུག དེ་མིན་ཤེས་རིག་ཞིབ་འཇུག་པ་དང་ལོ་རྒྱུས་སྨྲ་བ་ཞིག་གི་ངོས་ནས་བསམ་ན་ཡང༌། སངས་རྒྱས་ཆོས་ལུགས་ནི་འཛམ་གླིང་གི་ཤེས་རིག་བང་མཛོད་ནང་གི་འོད་སྟོང་འབར་བའི་ ནོར་བུ་རིན་པོ་ཆེ་ཞིག་ཡིན་པས། དེ་འདྲའི་འཛམ་གླིང་གི་ཤེས་རིག་ལོ་རྒྱུས་ནང་གི་ཆེས་བཀུར་བར་འོས་པའི་རླབས་ ཆེན་གྱི་མི་སྣ་ཞིག་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་བྱ་གཞགྩོམ་ས་དེ། འཛམ་གླིང་འདིའི་སྐྱེས་བུ་རྣམ་དཔྱོད་ཅན་དག་གིས་ཀྱང་དགའ་གུས་ཡི་རང་ངང་ཤེས་ རྟོགས་བྱེད་ཡུལ་ཞིག་ཆགས་ཡོད། བགྲང་བྱ་ ༢༥༠༠ ཡར་སྔོན་ཤར་གླིང་ཨེ་ཤ་ཡའི་ཁོངས་སུ་བྱུང་བའི་རྟེན་ཅིང་འབྲེལ་འབྱུང་ངམ་ཆོས་ ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཚད་མཐོའི་ལྟ་གྲུབ་དང༌། སེམས་ཅན་ཐམས་ཅད་བྱམས་བརྩེའི་དཀྱིལ་འཁོར་གཅིག་གི་ནང་འཚོ་དགོས་པའི་ལམ་སྟོན་ གནང་མཁན་དེ་ད་ཆ་མཇལ་ཐུབ་ཐབས་མེད་རུང༌། ཁོང་གི་ཟབ་བརླིང་གི་དགོངས་བཅུད་ཀྱིས་ཕྱུག་པའི་ལེགས་བཤད་ཀྱི་དཔེ་ཚོགས་དང༌། ཁོང་གི་རླབས་ཆེན་གྱི་མཛད་པ་ཅི་རིགས་བསྟན་པའི་གནས་མཆོག་འཁྲུལ་མེད་རྣམས་དངོས་ མཇལ་བྱེད་རྒྱུ་བྱུང་བ་ནི། ཆོས་དང་ལོ་རྒྱུས་གང་ཐད་ནས་རླབས་ཆེན་གྱི་གྲུབ་འབྲས་ཤིག་དྲན་གསོ་བྱེད་པའི་ལས་ དོན་ཞིག་ཀྱང་ཆགས་ཡོད། ལྷག་དོན་ཁ་གསལ་གྱིས་བཤད་ན། ཆོས་ལུགས་ག་གེ་མོའི་སྟོན་པར་གྲགས་པ་ཕལ་མོ་ཆེ་འཇིག་རྟེན་འདིར་བྱུང་ཚུལ་ཞིག་ ཤོད་ཀྱི་ཡོད་རུང༌། དོན་དམ་ཡང་སྙིང་ཤོད་སྲོལ་མང་པོ་ཞིག་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་ཡང༌། དེ་ཚོ་འདིར་བཤེར་བགྲང་བྱེད་རྒྱུར་དགོས་པ་ཅི་ཞིག་ཡོད། ཡིན་ཡང་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ལྟ་སྤྱོད་ཀྱི་དེད་དཔོན་ བླ་ན་མ་མཆིས་པ་སངས་རྒྱས་བཅོམ་ལྡན་འདས་སམ། ཡོངས་གྲགས་སུ་གཽ་ཏམ་བྷུདྷ་ཁོང་ནི་སྐུ་གང་དུ་འཁྲུངས་པ་ནས་མཐར་སྐུ་མ་གཤེགས་པ་ ཚུན་ཆད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་ཁག་རྫུན་བཟོ་དརྟོག་བཏགས་ལྟ་བུ་ མིན་པར། དངོས་སུ་མཇལ་ཏུ་ཡོད་པ་འདི་ཉིད་གཽ་ཏམ་བྷུདྷའི་ཆོས་ལུགས་དང༌། ལྟ་གྲུབ་ཀྱི་ལོ་རྒྱུས་ལ་དངོས་ཡོད་ཀྱི་རྒྱབ་གཉེར་ཚད་ལྡན་ཞིག་བྱུང་བར་བགྲང་ ཆོག གཽ་ཏམ་བྷུདྷ་སྐུ་གཤེགས་ནས་ལོ་བརྒྱད་ཅུ་ཙམ་ཞིག་ལ་རྡོ་རྗེ་གདན་དང༌། ཝཱ་རཱ་ཎ་སཱི། རྒྱལ་པོའི་ཁབ་བཅས་སུ་མཆོད་རྟེན་བཞེངས་མགོ་ཚུགས་པ་ནས་བཟུང། ཕྱི་ལོའི་དུས་རབས་བཅུ་གསུམ་པ་ཙམ་གྱི་བར་མུ་མཐུད་ཁོང་གི་གནས་ཆེན་རྣམས་སུ་ལྷ་ ཁང་དང༌། མཆོད་རྟེན་གང་མང་བཞེངས་ནས་གནས་ཀྱི་སྙན་པ་ཆེས་ཆེར་གྲགས་ཁར། ཕྱི་ལོའི་དུས་རབས་ལྔ་བ་དང་བདུན་པ། བཅུ་གསུམ་པ་སོགས་སུ་བོད་རྒྱའི་ལོ་པཎ་ཇི་སྙེད་ཅིག་རྒྱ་གར་དུ་ཕེབས་ནས་སྐབས་ སོ་སོའི་གནས་ཚུལ་ཡིག་ཐོག་ཟིན་བྲིས་སུ་བཏབ་པར་བརྟེན། སངས་རྒྱས་ཀྱི་གནས་རྣམས་ཇི་བཞིན་ངོས་འཛིན་བྱེད་རྒྱུར་དཀའ་ངལ་དེ་ཙམ་མེད་པ་ ཆགས་འདུག། དཔེར་ན། དུས་རབས་ཉི་ཤུ་པར་ནང་པའི་གནས་ཆེན་ཁག་འཚོལ་ཞིབ་བྱེད་སྐབས་རྒྱའི་བཙུན་པ་ཧྥ་ ཤཱན་དང༌། ཐང་སན་ཙང༌། ཡི་ཅིང༌། བོད་ཀྱི་ཆག་ལོ་ཙཱ་བ་སོགས་ཀྱི་ལམ་ཡིག་གིས་འདི་འབྲེལ་ཉམས་ཞིབ་སོགས་ལ་ཕན་ཐོགས་ ཧ་ཅང་ཆེན་པོ་བྱུང་ཡོད། ཨ་མདོ་དགེ་འདུན་ཆོས་འཕེལ་གྱིས་ཀྱང༌། དེ་ལྟའི་ཡིག་རྙིང་ཚད་ལྡན་ཁག་ལ་གཞི་བཅོལ་ནས་རྒྱ་གར་གནས་ཡིག་བརྩམས་པར་བརྟེན། དུས་སྐབས་ངེས་ཅན་ཞིག་གི་རིང༌། རང་རེ་བོད་མི་ཚོར་ཕན་ཐོགས་ཆེན་པོ་བྱུང་ཡོད། ད་ལན་གུས་པས་རྒྱ་གར་ནང་པའི་གནས་ཡིག་ཅེས་པ་འདི་ཉིད་རྩོམ་སྒྲིག་བྱེད་སྐབས་ ཀྱང་དེ་སྔའི་ཡིག་རྙིང་ཁག་གཞི་ལ་བཞག་ནས་རྩོམ་སྒྲིག་བྱས་ཁར། ལམ་ཐག་རིང་ཐུང་གི་སྤྱི་ལེའི་ཚད་དང་མགྲོན་ཁང་སོགས་ཀྱི་སྐོར་གུས་རང་ས་གནས་ས་ ཐོག་ཏུ་ཆེད་བསྐྱོད་ཀྱིས་ཟིན་བྲིས་འདེབས་དགོས་རིགས་གསར་འདེབབྱས་པས། གནས་ཡིག་འདིའི་ནང་གི་གནས་ཆེན་སོ་སོའི་འགྲེལ་བཤད་དང༌། འགྲིམ་འགྲུལ་ལམ་སྟོན་གང་ཅིར་ཡིད་རྟོན་འཕེར་ངེས་ཀྱི་རམ་འདེགས་ཆེན་པོ་བྱུང། དེ་མིན་ཕྲན་ལ་མཚོན་ན། རྟེན་འབྱུང་གི་ལྟ་གྲུབ་དང༌། བྱམས་བརྩེའི་ལམ་སྟོན་ལ་རིང་ནས་མོས་གུས་བྱེད་མཁན་ཞིག་ཡིན་པ་རྒྱུ་མཚན་དུ་བྱས་ ནས་སངས་རྒྱས་དང༌། ཁོང་གི་ལྟ་སྤྱོད་ལ་སྙིང་ནས་དགའ་ཞེན་བྱེད་ཀྱི་ཡོད་ལ། ད་ལན་སངས་རྒྱས་ཀྱི་གནས་ཆེན་ཁག་གི་གནས་ཡིག་འདི་ལྟ་བུ་ཞིག་བཟོ་རྒྱུའི་དགོས་ དམིགས་ཀྱང༌། མཐར་གཏུགས་ན། རང་གི་གུས་བརྩི་དང་དགའ་ཞེན་བྱེད་སའི་ལྟ་སྤྱོད་གསར་བཏོད་གནང་མཁན་ཁོང་གི་མཛད་ རྗེས་དང་འབྲེལ་བའི་གནས་ཆེན་རྣམས་མང་ཚོགས་ལ་མཚམས་སྦྱོར་བྱེརྒྱུ་དང༌། གཉིས་སུ་བོད་རིགས་མི་དམངས་ལ་ཕན་རེས་རྩོམ་སྒྲིག་བྱས་པ་ཞིག་ཡིན། གནས་ཡིག་འདི་རྩོམ་སྒྲིག་བྱས་པའི་བརྒྱུད་རིམ་ཁྲོད། རོགས་རམ་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ལེགས་གསོལ་དང་རྗེས་དྲན་ཞུ་ རྒྱུ་བཅས། ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༢ ཉིན་རྩོམ་སྒྲིག་པས་གུས་འདུད་བཅས་ཕུལ།
 
 
༄ ༅ ། རྒྱ་གར་ནང་པའི་གནས་ཡིག

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334