Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
རྒྱལ་སྤྱིའི་གསར་འགྱུར།
ང་རང་གི་མིག་གིས་དངོས་སུ་མཐོང་བྱུང་།

ནེའུ་ཡོག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ ༢༠༠༨ ལོའི་ཟླ་ ༣ པའི་བོད་མིའི་ཞི་རྒོལ་སྐབས་རྒྱ་དམག་གིས་བོད་མི་ཚོར་ཚད་ལས་བརྒལ་བའི་དྲག་ གནོན་དམར་གསོད་དང་གདུག་རྩུབ་མནར་གཅོད་བཏང་ཡོད་པ་གསལ་འདོན་བྱས་འདུག

ཕྱི་ཟླ་ ༧ ཚེས་ ༢༢ ཉིན་ནེའུ་ཡོག་གི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། བོད་ས་བྱི་ཞི་བའི་ངོ་རྒོལ་ཆེན་མོའི་ཁྲོད་མཉམ་ཞུགས་དང་མིག་མཐོང་ལག་ཟིན་ཡོད་ མཁན་ཁག་ཅིག་གཙོས་པའི་བོད་མི་བྲོས་བྱོལ་བ་ ༢༠༠ ལྷག་ལ་བཅར་འདྲི་དང་། གཞན་ཡང་། ཕྱི་རྒྱལ་བ་གྷི་རེ་སི་ཆོའོ་ (Grace Choi) ཨན་ན་ལོ་ཕི་རེ་བའོ་ Anna Lopriore) རེ་ཧྥིལ་ཇེ་མེ་ནི་རྫི་ (Rafael Jimenez) རྗོ་ལའོ་ཧྥི་རེ་གྷི་རེ་ (Giulio Frigieri) ཧྥི་རྫི་རའོ་ཧེ་ཕི་ཁེན་སི་ (Fitzroy Hepkins) བཅས་ཀྱིས་གནས་ཚུལ་མཁོ་སྤྲོད་དང་། དེ་མིན་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་བཅས་ལ་ཉམས་ཞིབ་ཕྱོགས་ བསྡུས་ཀྱིས་སྙན་ཐོ་ཞིག་བཏོན་པའི་མིང་ལ་ ༼རྒྱ་ནག ང་རང་གི་མིག་གིས་དངོས་སུ་མཐོང་བྱུང་༽ ཞེས་བཏགས་ཡོད་ལ། དེའི་ནང་དུ། ༢༠༠༨ ཕྱི་ཟླ་ ༣ ནས་ ༢༠༡༠ ཕྱི་ཟླ་ ༤ བར་རྒྱ་ནག་གི་དྲག་ཆས་དམག་དཔུང་དང་། སྤྱི་བདེ་མི་སྣ། མི་དམངས་བཅིངས་འགྲོལ་དམག དམངས་དམག་བཅས་མཉམ་འབྲེལ་རྩ་འཛུགས་འོག་བོད་ཁུལ་ཡོངས་སུ་བཀག་སྡོམ་དྲག་གནོན་ དང་། བོད་མི་མང་པོ་དམར་གསོད། དེ་བཞིན་བཙོན་ཁང་དུ་འཛིན་བཟུང་བཀག་ཉར་བྱས་རིགས་ལ་མི་སྤྱོད་ལས་འདས་པའི་མནར་ གཅོད་ཇི་ལྟར་བཏང་ཡོད་མེད་སོགས་གསལ་འདོན་བྱས་ཡོད།
སྙན་ཐོའི་དེར་སྤྱི་བཤད་དང་། ཐབས་ཚུལ། རྒྱབ་ལྗོངས། ཚད་བརྒལ་གྱི་དྲག་གནོན། བཀག་སྐྱིལ་སྐབས་ཀྱི་མནར་གཅོད། ཆབ་སྲིད་གནད་དོན་འོག་འཛིན་བཟུང་བཀག་ཉར་དང་གར་སོང་ཆ་མེད་དུ་གྱུར་བ། རྒྱལ་སྤྱིའི་ཁྲིམས་ལུགས་དང་སྒྲིག་གཞི། ཟུར་མཆན་བཅས་ལེ་ཚན་བརྒྱད་དུ་དབྱེ་ཞིང་། ཁྱོན་བསྡོམས་ཤོག་གྲངས་ ༧༣ འདུག

སྙན་ཐོ་དེ་ནི་ཨ་རི་དང་། འཇར་མན། བྷེལ་རྗེམ། སུད་སི། དབྱིན་ཡུལ། ཧྥ་རན་སི་བཅས་སུ་ཡོད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ ཡན་ལག་ཁག་མཉམ་འབྲེལ་གྱིས་འགྲེམས་སྤེལ་བྱས་ཡོད་པ་རེད། སྙན་ཐོ་དེའི་མཇུག་ཏུ། རྒྱལ་སྤྱིའི་སྒྲིག་གཞི་དང་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་རྒྱ་ནག་གཞུང་ལ་ འབོད་སྐུལ་དོན་ཚན་བཅུ་ཅན་ཞིག་དང་། མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་དོན་ཚན་གཉིས་ཅན་ཞིག གཞན་ཡང་། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ། དེ་བཞིན་ཨ་རིའི་གཞུང་དང་། ཡུ་རོབ་མནའ་འབྲེལ། རྒྱ་གར། དབྱིན་ཡུལ། འཇར་མན་བཅས་ལའང་འབོད་སྐུལ་དོན་ཚན་བཞི་ཅན་རེ་བཅས་བཀོད་འདུག

རྒྱ་གཞུང་ལ་འབོད་སྐུལ།

གཅིག ཉེས་མེད་བཀག་སྐྱིལ་བྱས་ཡོད་པ་རྣམས་གློད་གྲོལ་དང་ཁོང་ཚོར་སྨྲ་བརྗོད་ཀྱི་རང་ དབང་སྤྲོད་དགོས།

གཉིས། ཀན་སུའུ་དང་མཚོ་སྔོན། སི་ཁྲོན། ཡུན་ནན་བཅས་སུ་ཞི་རྒོལ་སྐབས་འཛིན་བཟུང་བཀག་ཉར་གྱིས་གློད་གྲོལ་བྱས་ཟིན་པ་ དང་། ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་པ་རྣམས་ཀྱི་གནས་ཚུལ་དྲང་བདེན་ཐོག་ཕྱིར་བསྒྲགས་ བྱེད་དགོས།

གསུམ། རྒྱ་དམག་གིས་དྲག་གནོན་འོག་དམར་གསོད་དང་རྨས་སྐྱོན་བཟོས་བ་རྣམས་གྱི་ཁ་གྲངས་ གསལ་བོ་ཕྱིར་བསྒྲགས་བྱེད་དགོས།

བཞི། ལས་འགུལ་སྐབས་དྲག་སྤྱོད་དོན་རྐྱེན་བཟོ་མཁན་གཙོ་བོ་དག་སུ་ཡིན་མིན་དྲང་པོའི་ ལམ་ནས་འགྲེལ་བརྗོད་བྱེད་དགོས།

ལྔ། བོད་ཁུལ་ཡོངས་སུ་ཞི་བའི་ངོ་རྒོལ་བྱུང་རྗེས་བོར་བརླགས་སུ་སོང་བ་དང་ཉེས་མེད་ ཁྲིམས་འགལ་གྱིས་འཇུ་བཟུང་བྱས་པ། ཆད་གཅོད་དང་གཅར་རྡུང་སོགས་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་དག་ལ་ཕྱོགས་ཡོངས་ ནས་བསྐྱར་ཞིབ་བྱེད་དགོས།

དྲུག དངོས་བྱུང་གནས་ཚུལ་ལ་ཞིབ་འཇུག་བྱ་ཆེད་ཕྱི་རྒྱལ་ཁབ་ཁག་ཏུ་ཡོད་པའི་རང་དབང་ཅན་ གྱི་བོད་དོན་ཞིབ་འཇུག་ཚོགས་པ་ཁག་བོད་ནང་དུ་བཏང་སྟེ་དངོས་ཡོད་གནས་ཚུལ་ལ་ཞིབ་ འཇུག་དང་གནོད་སྐྱོན་ཕོགས་པའི་མིའི་ཁ་གྲངས་གསལ་འདོན་བྱེད་དགོས།

བདུན། རྒྱལ་སྤྱིའི་སྒྲིག་གཞིར་གཙི་སྲུང་གི་སྒོ་ནས། ཞི་རྒོལ་ལས་འགུལ་དང་འབྲེལ་ཡོད་རྣམས་ལ་ཁྲིམས་བཤེར་སྒྲིག་གཞི་ལྟར་ཁྲིམས་བཤེར་ འཐུས་ཚང་བྱེད་དགོས།

བརྒྱད། བཙོན་ཁང་དང་ས་གནས་གང་རུང་དུ་བཀག་ཉར་བཙོན་འཇུག་བྱས་ཡོད་པའི་བོད་མི་རྣམས་ལ་ རྒྱ་གྲམ་དམར་པོའི་ཚོགས་པ་སོགས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་ཐོབ་པ་ བྱེད་དགོས།

དགུ། རྒྱལ་སྤྱིའི་སྤྱི་ཆིངས་ལ་མིང་རྟགས་བཀོད་དེ་རྩ་འཛིན་བྱེད་རྒྱུ་ཁས་ལེན་བྱས་ ཡོད་པའི་དགོངས་དོན་ལྟར། བོད་མི་རྣམས་བཙན་འཁྲིད་ཀྱིས་བོར་བརླགས་སུ་འགྲོ་བཞིན་པའི་བྱེད་སྟངས་དེ་འཕྲལ་ དུ་མཚམས་འཇོག་བྱས་ཏེ་རྒྱལ་སྤྱིའི་ཁྲིམས་གཞི་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཙི་ སྲུང་བྱེད་དགོས།

བཅུ། རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་བཀག་སྐྱིལ་བཙོན་འཇུག་བྱས་ཡོད་པ་རྣམས་ཡོངས་ཁྱབ་ གསལ་བསྒྲགས་བྱས་ཏེ་གཤམ་གསལ་དམིགས་ཡུལ་ཁག་འགྲུབ་པ་བྱེད་དགོས།
ཀ ༽ རྒྱ་གཞུང་ཉེན་རྟོག་པས་བཀག་སྐྱིལ་བཙོན་འཇུག་བྱས་ཡོད་པའི་བོད་མི་རྣམས་ས་གནས་ གང་དུ་ཡོད་མེད་དང་། ཁོ་ཚོའི་ནག་ཉེས་ཅི་ཞིག་ཡིན་མིན། ད་ལྟའི་སྟངས་བཅས་གསལ་འདོན་བྱེད་དགོས།
ཁ༽ བཀག་སྐྱིལ་བཙོན་འཇུག་བྱ་སའི་བཙོན་ཁང་དག་གིས་བཙོན་པ་རྣམས་བཀག་སྐྱིལ་བྱས་པའི་ ཟླ་དུས་ཚེས་གྲངས། ས་གནས། བཙོན་པའི་མིང་། བཙོན་འཇུག་བྱེད་དགོས་པའི་རྒྱུ་མཚན། ལས་ཁུངས་དང་སྒྲིག་འཛུགས་གང་གི་མི་ཡིན་མིན། བཀག་སྐྱིལ་ཁང་གང་དག་ཏུ་གནས་སྤོ་བྱས་མིན་བཅས་ཀྱི་ཟིན་ཐོ་གསལ་འདོན་བྱེད་དགོས་ པར་མ་ཟད། ཟིན་ཐོ་དེ་འབྲེལ་ཡོད་བཙོན་པའི་ཁྱིམ་མི་དང་ཁྲིམས་རྩོད་པ། དེ་བཞིན་ཁྲིམས་ལུགས་ཐད་དོ་སྣང་ཡོད་མཁན་བཅས་ལ་མཁོ་སྤྲོད་བྱེད་དགོས།
ག༽ རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་། འཇུ་བཟུང་བཀག་སྐྱིལ་བྱས་པའི་རྒྱུ་མཚན་རྣམས་ཁྲིམས་དཔོན་ལ་དུས་ཐོག་ཏུ་སྙན་ སེང་དང་། ཁོང་ཚོ་བཀག་སྐྱིལ་མ་བྱས་པའི་སྔོན་ལ་འཛིན་བཟུང་བཀའ་རྒྱ་སྤྲོད་དགོས། དེ་བཞིན་ཁྱིམ་མིར་དུས་ཐོག་ཏུ་འཛིན་བཟུང་བཀག་ཉར་བྱས་ཟིན་པའི་བརྡ་ཐོ་དང་བཀག་ སྐྱིལ་བྱེད་སའི་ས་གནས་གསལ་བོར་བརྗོད་དགོས། བཀག་སྐྱིལ་བྱས་ཡོད་པ་རྣམས་རང་གི་ནང་མིར་ཐུག་འཕྲད་བྱ་ཆོག་པའི་བཀའ་ཁྲོལ་གནང་ དགོས་པར་མ་ཟད། བཀག་སྐྱིལ་བ་མི་སྒེར་གྱི་མངོན་འདོད་ལ་བཙན་བསྒྱུར་བྱེད་མི་ཆོག མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ།

གཅིག མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གིས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༣ པའི་ནང་འོས་བབས་ཀྱི་དུས་སྐབས་ཤིག་ལ་ཕྱོགས་གཉིས་ཀྱིས་གྲོས་མོལ་བརྒྱུད་འགྲོ་ བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་མཆོག་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན། སི་ཁྲོན་བཅས་བོད་ཁུལ་ཏུ་གནད་དོན་ཞིབ་འཇུག་ཆེད་བསྐྱོད་རྒྱུ་ཁས་ལེན་བྱས་པ་དེ་ ལག་ལེན་དངོས་འབེབས་ཡོང་བར་གནོན་ཤུགས་སྤྲོད་དགོས།

གཉིས། འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་མཐོ་རིམ་མི་སྣ་ནཱ་ཝ་ནེ་ཐེམ་པིལ་ལེ་ (Navanethem Pillay) གཙོས། དམིགས་བསལ་གསར་འགོད་ཚོགས་པ་དང་། འགྲོ་བ་མིའི་མནར་གཅོད་ལས་དོན་ཚོགས་པ། དྲག་གནོན་འོག་བོར་བརླག་ཕྱིན་པར་ཆེད་དམིགས་ཚོགས་པ། རང་དབང་ལྡན་པའི་ཁྲིམས་རྩོད་ཚོགས་པ་བཅས་བོད་ཁུལ་ཏུ་བཏང་སྟེ་དངོས་བྱུང་གནས་ ཚུལ་ལ་ཞིབ་འཇུག་ལྟ་རྟོག་བྱེད་དགོས། འབྲེལ་ཡོད་རྒྱལ་ཁབ་ཁག་ལ་འབོད་སྐུལ།

གཅིག ཞི་རྒོལ་ཁྲོད་བོར་བརླག་ཏུ་སོང་བ་དང་དྲང་བདེན་མིན་པར་བཙོན་འཇུག་བྱས་པའི་ གྲངས་ཐོ་རྣམས་ཁ་གསལ་བཤད་དགོས་པའི་འབོད་སྐུལ་གནང་དགོས།

གཉིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་མཐོ་རིམ་ཆེད་ལས་མི་སྣ་ཁག་བོད་ ཁུལ་དུ་བརྟག་དཔྱད་ཞིབ་འཇུག་ཏུ་བསྐྱོད་རྒྱུར་ཤུགས་ཆེན་པོའི་རྒྱབ་སྐྱོར་གནང་ དགོས།

གསུམ། རྒྱ་ནག་གཞུང་ལ་བོད་ཁུལ་དུ་འཛིན་པའི་སྲིད་བྱུས་དང་དེའི་ལག་ལེན་ལ་ངེས་པར་དུ་ བསྐྱར་ཞིབ་དགོས་པའི་འབོད་སྐུལ་ཞུ་དགོས།

བཞི། འཇིགས་སྐུལ་དྲག་སྤྱོད་པར་རྒོལ་ལན་སློག་ཆེད་རྒྱ་ནག་དང་མཉམ་འབྲེལ་བྱེད་བཞིན་ པར་ཁ་གཡར་ཏེ་གྲངས་ཉུང་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཚད་བཀག་དང་གནོད་ སྐྱོན་བཟོ་མི་ཆོག གཞན་ཡང་། སྙན་ཐོའི་ནང་མིག་མཐོང་ལག་ཟིན་བྱུང་མཁན་ཅིག་གིས། ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རྒྱ་ནག་དྲག་ཆས་དམག་དཔུང་གིས་ལྷ་སའི་བར་སྐོར་གླིང་གི་ཉེ་འཁོར་དུ་དྲག་ཆས་ མེ་མདའ་བརྒྱབ་སྟེ་མི་མང་ལ་དྲག་གནོན་བྱས་ཡོད་པ་དང་། དྲག་གནོན་སྐབས་གྲྭ་བཙུན་དང་སློབ་མ། མང་ཚོགས་བཅས་དབྱེར་མེད་ཐོག་བོད་མི་ཡོངས་རྫོགས་མེ་མདའི་སོ་ཁ་གཏད་སའི་དམིགས་ འབེན་དུ་གྱུར་ཡོད་པའི་སྐོར་འགྲེལ་བརྗོད་བསྐྱོན་ཡོད།

སྐབས་དེར་མཉམ་ཞུགས་གནང་མྱོང་མཁན་བོད་རིགས་བུད་མེད་ཅིག་གིས་ཁོ་མོའི་མིག་ མདུན་གཅིག་པུ་ནས་ཀྱང་བོད་མི་གཉིས་དམར་གསོད་བཏང་སོང་ཞེས་བརྗོད་ཡོད་ལ། ཡང་སྐབས་དེའི་དངོས་ཡོད་གནས་ཚུལ་མཐོང་མཁན་གཞན་ཞིག་གིས་ཀྱང་རྒྱ་ནག་དྲག་ཆས་ དམག་དཔུང་གིས་དྲག་ཆས་འདྲ་མིན་སྤྱད་དེ་བོད་མི་ཚོ་ས་ལ་འགྱེལ་རག་བར་དུ་གང་ བྱུང་རྡུང་བརྡེག་ཚ་ནན་བཏང་བྱུང་ཞེས་བརྗོད་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤ་ཡའི་ལས་དོན་འགན་ཁུར་བ་ལིས་ཐ་སིན་ གྱིས་གསར་ལམ་ཁག་ཏུ་བརྗོད་དོན། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཉེ་སྔོན་གྱི་སྙན་ཐོ་གསར་པ་དེས། རྒྱ་ནག་གཞུང་གིས་བོད་མིའི་ཞི་རྒོལ་ལས་འགུལ་སྐབས་སུ་རྒྱ་དམག་གི་བྱ་སྤྱོད་དག་ རྒྱལ་སྤྱིའི་སྒྲིག་གཞི་དང་རྒྱ་ནག་གི་རྩ་ཁྲིམས་དང་འགལ་མེད་སྐོར་བརྗོད་པ་དེ་ ཐེར་འདོན་བྱས་ཡོད། སྐབས་དེའི་ཞི་རྒོལ་ལས་འགུལ་མིག་མཐོང་ལག་ཟིན་བྱུང་ཡོད་པ་མང་པོས་རྒྱ་དམག་གིས་ བོད་མི་ལག་སྟོང་བ་དག་གི་ཐོག་ལ་ཚད་ལས་བརྒལ་བའི་དྲག་ཆས་སྤྱད་དེ་གཉའ་གནོན་བྱས་ ཡོད་པར་དཔང་བོ་བྱས་ཡོད་པར་མ་ཟད། སྐབས་དེར་རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རེ་འགས་ཀྱང་གསལ་ འདོན་བྱུང་ཡོད་ཟེར།

དེ་བཞིན། ཁོ་མོས་རྒྱ་ནག་གཞུང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ས་བྱི་ཞི་བའི་ངོ་རྒོལ་ སྐབས་ཀྱི་རྒྱ་དམག་གི་གདུག་རྩུབ་སྤྱོད་ངན་ལ་བརྩད་ཞིབ་བྱ་དགོས་པའི་རེ་བ་ཡང་ བཏོན་ཡོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གནད་དོན་ཉམས་ཞིབ་པ་ནེ་ཁོ་ལ་སུ་ བྷེ་ཁེའུ་ལིན་(Nicholas Bequelin)གྱིས་ཀྱང་། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱ་དམག་ཚོར་བོད་མིའི་ཐོག་གདུག་རྩུབ་མནར་གཅོད་ ཀྱི་བྱ་སྤྱོད་མི་སྤེལ་བའི་སློབ་གསོ་རྒྱག་དགོས་ཅེས་འབོད་སྐུལ་གནང་ཡོད། ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན་ནས་བཟུང་ལྷ་སར་གྲྭ་བཙུན་རྣམས་གཙོས་བོད་མི་རྣམས་ཀྱིས་ཆོས་དད་རང་དབང་དང་ འགྲོ་བ་མིའི་ཐོབ་ཐང་ཆེད་ཞི་བའི་ངོ་རྒོལ་གྱི་ལས་འགུལ་དེ། ཚེས་ ༡༤ ཉིན་གློ་བུར་ཏུ་རྣམ་པ་འགྱུར་ཏེ་ཟིང་འཁྲུག་གི་ངོ་བོར་གྱུར་ཡོད་ལ། རྒྱ་གཞུང་གིས་ཟིང་འཁྲུག་ཁྲོད་རླངས་འཁོར་དང་ཚོང་ཁང་མེར་བསྲེགས་བཏང་བའི་གནས་ ཚུལ་ཕྱིར་བསྒྲགས་བྱས་ཡོད་པར་མ་ཟད། ཟིང་འཁྲུག་སྐབས་མང་ཚོགས་ ༢༢ རྐྱེན་འདས་སུ་གྱུར་ཡོད་ཚུལ་དང་དེ་དག་གི་ནག་ཉེས་མཐའ་དག་ཞི་བའི་ལས་འགུལ་བ་དག་ ལ་བཀལ་ཡོད།

སྐབས་དེའི་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་བཀོད་པའི་གནས་ཚུལ་ནང་། རྒྱ་ནག་དམག་དཔུང་གིས་ཟིང་འཁྲུག་སྐབས་ཐེངས་གཉིས་ལ་མེ་མདས་དྲག་གནོན་བྱས་ཡོད་ པ་ངོས་ལེན་བྱས་ཡོད་མོད། འོན་ཀྱང་མི་ ༤ མ་གཏོགས་རྐྱེན་འདས་སུ་གྱུར་མེད་ཚུལ་འགྲེལ་བརྗོད་བྱས་ཡོད། ཕྱི་སྡོད་བོད་མི་བཙན་བྱོལ་བ་དག་གིས་ཞི་རྒོལ་ཁྲོད་རྒྱ་དམག་གིས་བོད་མི་ ༢༠༠ ལྷག་དམར་གསོད་དང་སྟོང་ཕྲག་འགའ་འཇུ་བཟུང་བྱས་ཡོད་པ་བརྗོད་ཡོད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་སྙན་ཐོའི་ནང་དུ། ཕྱི་ཟླ་ ༣ ཚེས་ ༡༠ ནས་ ༡༤ བར་བོད་མི་ཚོས་ཞི་བའི་ངོ་རྒོལ་སྐད་འབོད་བྱས་པར་རྒྱ་དམག་གིས་དྲག་སྤྱོད་གཉའ་ གནོན་བྱས་ཡོད་པ་འགྲེལ་བརྗོད་གནང་ཡོད། གསར་འགྱུར་སྤེལ་མཁན། ཚེ་རིང་རྒྱལ་དང་དཔལ་ལྡན་དོན་གྲུབ། གསར་འགྱུར་འདི་བོད་དུས་བབ་ལས་དྲངས།