www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
Email_dhomayweb@gmail.com_Phone_91-1892-220334
འཚོལ་བཤེར:
མདོ་སྨད་ཀན་ལྷོ་འབྲུག་ཆུ་ཁུལ་དུ་ཆུ་ལོག་དང་ས་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་བ།
ད་ལྟའི་ཆར་མི་༡༢༥༤འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་༡༢༤༢བསྐྱབས་པ། མི་༡༡༤༨གར་སོང་ཆ་མེད་དུ་གྱུར་ཡོད་འདུག
བོད་གཞུང་ཆོས་རིག་ལས་ཁུངས་དང་བོད་ལྗོངས་མདོ་སྨད་ཆོལ་ཁ་ཐུན་མོང་ཐོག་མཆོད་འབུལ།
ཕྱི་ལོ་༢༠༡༠ལོའི་ཟླ༨ཚེས་༡༤་ཉིན་བོད་མདོ་སྨད་འབྲུག་ཆུ་ས་ཁུལ་དུ་ཆུ་ལོག་དང་ས་ རུད་ཀྱི་གནོད་འཚེ་བྱུང་བའི་བདུན་ཚིགས་དང་པོའི་ཉིན། ༧རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བ་དང་། ཁྱད་པར་དུ་འདི་ཟླའི་ཚེས་༧གྱི་མཚན་མོའི་ཆུ་ཚོད་༡༠ཙམ་ལ་བོད་ལྗོངས་མདོ་སྨད་ས་ ཁུལ་འབྲུག་ཆུ་རྫོང་དུ་ཆུ་ལོག་གི་རྐྱེན་པས་ཚེས་༡༢བར་མི་གྲངས་༡༢༥༤ལྷག་ལ་སྲོག་ སྐྱོན་དང་། མི་གྲངས་༡༡༤༨གར་སོང་ཆ་མེད་དུ་གྱུར་བ་དང་གཞིས་ཁྱིམ་རྒྱུ་དངོས་ཐམས་ཅད་ལ་གོད་ ཆགས་ཤུགས་ཆེ་བྱུང་ཡོད་པ་བཅས་ཀྱི་ཆེད་བོད་གཞུང་ཆོས་རིག་ལས་ཁུངས་དང་། མདོ་སྨད་ཆོལ་ཁ་ཐུན་མོང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་མཆོག་སྤྱན་ སྔར་མཆོད་སྤྲིན་སྣ་ལྔ་བརྒྱ་ཚར་དང་། སྣང་གསལ་མར་མེ་སྟོང་ཚར་འབུལ་བཤམ་དང་འབྲེལ། ལྷར་བཅས་སྲིད་ཞིའི་རྣམ་འདྲེན། འཇིག་རྟེན་ཞི་བདེའི་དེད་དཔོན། གངས་ལྗོངས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས༧སྐྱབས་༧ མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཚོགས་མགོན་དུ་བཀའ་ དྲིན་ཤིན་ཏུ་ཆེ་བ་ཐོབ་པ་དང་། དེ་བཞིན་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། འཕགས་ཚོགས་འདུས་པ་རྒྱ་མཚོར་བསྙེན་བཀུར། མང་ཇ་བཞེས་བག་དང་། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་༥༠རེ་བཅས་དད་གདུང་དྲག་པོས་ཕུལ་ཏེ་ ཆུ་ལོག་དང་ས་རུད་ཀྱི་འཇིག་པས་རྐྱེན་འདས་སུ་སོང་བ་རྣམས་ཀྱིས་མཚོན་སེམས་ཅན་ ཚེ་ལས་འདས་པ་ཡོངས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་མཐའ་དག་བྱང་ཞིང་ དག་ནས་དལ་རྟེན་རིམ་བརྒྱུད་སྐུ་བཞིའི་༧རྒྱལ་བའི་གོ་འཕང་རིན་པོ་ཆེ་མྱུར་དུ་ ཐོབ་པ་དང་། རྨས་སྐྱོན་གོད་ཆག་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཀྱིས་ཚེ་ལྷག་དོན་ལྡན་ ཡོང་བ་གཙོས་འཇིག་རྟེན་ཀུན་ཏུ་སྙིགས་ལྔའི་རྒུད་ཚོགས་སྤྱི་དང་། ཁྱད་པར་འབྱུང་བཞིའི་འཇིགས་པ་མི་བྱུང་བར་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ ལོངས་སུ་སྤྱོད་ཐུབ་པ་སོགས་གོང་གསོལ་རེ་འབྲས་རྣམས་དེ་དེ་བཞིན་དུ་འགྲུབ་པའི་ ཆེད་དུ། ཞོགས་པའི་ཆུ་ཚོད་༧དང་ཕྱེད་སྐར་མ་༣༠ནས་ཉིན་གུང་བར་མཆོད་སྤྲིན་སྨོན་ལམ་རྒྱ་ ཆེན་ཞིག་འཚོགས་ཐུབ་ཡོད་ལ། སྐྱ་སེར་ཕོ་མོ་སུམ་སྟོང་ལ་ཉེ་བ་ཞིག་འདུ་འཛོམས་བྱས་ཡོད།
ཕྱི་ཚེས་༨་ཉིན་གྱི་མདོ་སྨད་ཆོལ་ཁའི་ཛ་དྲག་མཆོད་འབུལ།
ཀན་ལྷོ་ས་ཁུལ་དུ་ཆར་ཤོད་ཀྱི་དབང་གིས་ས་རུལ་ཉིལ་ཏེ་ད་ལྟའི་ཆར་མི་༡༢༥༤འདས་ གྲོངས་སུ་ཕྱིན་ཡོད་པ་དང་། མི་༡༢༤༢བསྐྱབས་པ། མི་༡༡༤༨གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཉེ་བའི་ཆར་ཡུལ་མདོ་སྨད་འབྲུག་ཆུ་རྫོང་དེ་རྒྱ་གཞུང་གི་ སྲིད་འཛིན་ས་ཁོངས་ཀན་ སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་དུ་ཕྱི་ལོ ༢༠༡༠ ལོའི་ཟླ ༨ ཚེས ༧ ཉིན་གྱི་མཚན་མོ་ཆུ་ཚོད ༡༠ ཙམ་ནས་དྲག་ཆར་བབ་ཏེ་ཟླ ༨ ཚེས་༨ ཉིན་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་བྱུང་འདུག ད་བར་མི ༡༢༥༤འདས་གྲོངས་སུ་ཕྱིན་ཡོད་པ་དང་།མི་༡༢༤༢བསྐྱབས་པ་ མི་༡༡༤༨གར་སོང་ཆ་མེད་དུ་གྱུར་ཡོད་འདུག ས་ཆ་དེ་ནི་ལོ་རྒྱུས་རང་བཞིན་གྱི་བོད་ཀྱི་མཐའ་མཚམས་ས་ཁུལ་ཞིག་ཡིན་ལ།

བརྒྱུད་ལམ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན་འདམ་རུལ་གྱི་ཞེང་ཚད་ལ་མི་ཊར ༥༠༠ ལྷག་དང་། རིང་ཚད་ལ་སྤྱི་ལེ ༥ ཙམ་ཡོད་འདུག རྫོང་འདིར་སྤྱིའི་མི་གྲངས་134188ཡོད་ལ། དེའི་ནང་ རྒྱ་རིགས་89842དང་། སྤྱིའི་མི་གྲངས་ཀྱི་66.95%ཟིན་ལ། བོད་རིགས་44175ཡོད། སྤྱིའི་མི་གྲངས་ཀྱི་32.92%ཟིན། ཁ་ཆེ་154 ཡོད། སྤྱིའི་མི་ གྲངས་ཀྱི་0.11%ཟིན། མན་ཇི་རིགས་8 ཡོད ་ལ། སོག་རིགས་7ཡོད། ཟ་ལར་རིགས་2ཡོད། རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་གཞི་མ་3010ཡོད་པ་དང་། མངའ་ཁོངས་སུ་ཡུལ་ཚོ་20དང་གྲོང་བརྡལ་2 ཡོད་པ་དང་། སྲིད་འཛིན་སྡེ་བ་210 ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཆུ་ལོག་གི་གནོད་འཚེ་ལས་བསྡོམས་པས་ཁྱིམ་ཚང་307གྱི་སྡོད་ཁང་དང་ཁང་ མིག5508གཏོར་བརླག་ཐེབས། དེའི་ནང་ཞིང་སྡེ་ཁྱིམ་ཚང235ཡི་སྡོད་ཁང་ཡོད་པ་དང་། གྲོང་རྡལ་གྱི་ལས་བཟོ་བའི་དང་སྡོད་དམངས་ཁྱིམ་ཚང72ཀྱི་འདུག་ཁངཡོད་། ཁྱིམ་ཚང4189དང་ཁང་མིག20945ནང་དུ་ཆུ་བླུགས། དེའི་ནང་ཞིང་སྡེ་མང་ཚོགས་ཁྱིམ་ཚང1503ཀྱི་སྡོད་ཁང་ཡོད་པ་དང་། གྲོང་རྡལ་ཁྱིམ་ཚང2686གི་སྡོད་ཁང་ཡོད། ལས་ཁུངས་ཀྱི་གཞུང་ལས་ཐོག་ཁང21ལ་གནོད་ཐེབས་པ་དང་རླངས་འཁོར38ལ་སྐྱོན་བྱུང་། ས་འདིར་ཆུའི་ཐོན་ཁུངས་དང་གཏེར་ཁ། སྨན་རྩྭ་། ནགས། རི་སྐྱེས་ ཚོད་མ་སོགས་ཧ་ཅང་མང་བ་ཞིག་ཡིན་པས་གཏེར་ཁ་བསྔོག་འདོན་དང་སྨན་རྩྭ་སོགས་སྐོ་མཁན་མི་མང་པོ་ཕྱི་ལོག་ནས་ཡོང་འདུག། །སྤྱིར་འབྲུག་ཆུ་རྫོང་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཞིང་ལས་རྐྱང་པའི་རྫོང་གཅིག་པུ་ཡིན་ལ་རྒྱ་ ནག་རྒྱལ་ཡོངས་རིམ་པའི་དབུལ་ཕོངས་ཀྱི་རྫོང་ཞིག་ཀྱང་ཡིན་འདུག
འདི་ལྟར་བརྒྱུད་ལམ་ཁག་གི་གནས་ཚུལ་ལ་གཞིགས་ན་འདི་ ལྟ་བུའི་ཆུ་ལོག་གི་གནོད་ འཚེ་ཆེན་པོ་ཞིག་ཡོང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་ཁོར་ ཡུག་གསུང་སྐྱོབ་ལ་དོ་སྣང་ཆུང་བའམ་ཡང་ན་རང་བྱུང་ཁམས་ལ་གཏོར་སྐྱོན་ཚད་ལས་ བརྒལ་བ་བཏང་བས་རྒྱུ་ཁོ་ནར་རག་ལས་ཡོད་འདུག

དེ་ཡང་འབྲུག་ཆུ་རྫོང་ས་ཆུ་སྲུང་འཛིན་ལས་ཁུངས་ནས་ བཏོན་པའི་༼འབྲུག་ཆུ་རྫོང་ ཆུ་གློག་སྔོག་འདོན་འཛུགས་སྐྲུན་ཁྲོད་ས་ཆུ་སྲུང་འཛིན་སྔོན་འགོག་དོ་དམ་གྱི་ བྱེད་ཐབས༽ཟེར་བའི་རྩོམ་ཡིག་ཏུ། ཕྱི་ལོ་༢༠༠༣ ནས་ ༢༠༠༧བར། ཆུ་གློག་སྔོག་འདོན་འཛུགས་སྐྲུན་གྱི་ལས་འཆར ༥༣ ལ་གན་རྒྱ་བཞག་ཟིན་པ་དང་། ཆུ་གློག་སྔོག་འདོན་འཛུགས་སྐྲུན་ལས་འཆར་༤༡ བསྐྲུན་ཟིན་པའམ་སྐྲུན་མུས་དང་། རྣམ་གྲངས་ ༡༢ ཙམ་གྱི་སྔོན་འགྲོའི་ལས་དོན་འཕྲད་དུ་འགོ་འཛུགས་ཞུ་འཆར་ཡིན། ཆུ་གློག་སྔོག་འདོན་འཛུགས་སྐྲུན་ལས་འཆར་འདི་དག་གིས་རྫོང་ཡོངས་ཀྱི་འཛུགས་ སྐྲུན་ལས་འཆར་སྤྱིའི་བརྒྱ་ཆའི་ ༨༠ཡན་ཟིན་ཡོད། བསྐྲུན་ཟིན་པའམ་སྐྲུན་མུས་ཀྱི་ཆུ་གློག་སྔོག་འདོན་འཛུགས་སྐྲུན་ལས་འཆར་ ༤༡ འདིས་ས་ངོས་སྒུལ་སྐྱོམ་གྱི་རྒྱ་ཁྱོན་བསྡོམས་ ༣༢༢.༨༣hm2 ཟིན་ཞེས་བཀོད་འདུག

ས་གཤིས་རིག་པའི་ཆེད་མཁས་པ་དབྱང་ཡུང་གིས་ ཀྱང་། ཐེངས་འདིའི་ས་རུད་ཀྱི་འབྱུང་རྐྱེན་ནི་འབྲུག་ཆུ་སྟོད་རྒྱུད་དུ་ཆུ་བེད་ལས་ གཞི་རྒྱ་ཆེར་སྤེལ་སྐབས ས་རྐོ་རྡོ་སློག་གི་བྱེད་ལས་ཀྱིས་ས་གཤིོས་གྲུབ་སྟངས་སོབ་སོབ་བཟོས་སྟབས་ཀྱི་ དབང་གིས་ཡིན་ཚུལ་བཤད་ཡོད།

འབྲུག་ཆུ་རྫོང་གི་དེབ་ཐེར་དུ་བཀོད་པ་ལྟར་ན། ཕྱི་ལོ་1952ལོའི་ཟླ་ ༨་ནང་འབྲུག་ཆུ་ནགས་ལས་ཁང་བཙུགས་པ་ནས་ཕྱི་ལོ་ 1990ལོའི་བར། བསྡོམས་ཤིང་ནགས་མུའུ་ཁྲི་ 189.75གཅོད་འབྲེག་བྱས་ཡོད་པ་དང་། དེའི་ཁར་འབུད་ཤིང་དང་གང་བྱུང་ཤིང་ནགས་གཅོད་འབྲེག་གཏུབ་གསུམ་བྱེད་པ། ཤིང་ཆས་ནག་ཚོང་དང་རྐུ་འཁྱེར་སོགས་ཀྱི་རྐྱེན་པས་རྫོང་ཡོངས་ཀྱི་ཤིང་ནགས་ལོ་ རེར་མི་ཊར་རྒྱ་དཔངས་གྲུ་བཞི་མ་ཆིག་འབུམ་ཙམ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པས། སྔོ་ཁེབས་ལ་གཏོར་བརླགས་ཚབས་ཆེན་དང་། སྐྱེས་ཁམས་ཁོར་ཡུག་ལ་ཚབས་ཆེའི་གཏོར་སྐྱོན་ཐེབས་ཡོད་འདུག

ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ སྒྲུབ་ཁང་གིས་ཀན་སུའུ་ཞིང་ཆེན་ གཏེར་རྫས་ཐོན་ཁུངས་སྤྱིའི་འཆར་འགོད་དཔར་འགྲེམས་ཀྱི་བརྡ་ཁྱབ་ཅེས་པ་ཞིག་༢༠༠༣ ཟླ་༣ཚེས་༢༡ཉིན་བཀྲམ་པ་ལྟར་ན། གཏེར་ཁ་སྔོག་འདོན་གྱི་རྐྱེན་ལས་རི་ཉིལ་བ་དང་། གད་པ་རྡིབ་པ། འདམ་རུད་དང་ས་ཆུ་ཤོར་བ་སོགས་ས་གཤིས་ཀྱི་གནོད་སྐྱོན་གྱིས་ལོ་རེར་དཔལ་འབྱོར་ གྱི་གྱོང་གུད་རྒྱ་སྒོར་དུང་ཕྱུར་༦ ནས་༨ ཐེབས་པ་དང་། དེས་རྫོང་འདིའི་རང་བྱུང་གནོད་འཚེའི་གྱོང་གུད་ཀྱི་སྤྱིའི་སུམ་ཆའི་གཅིག་ཙམ་ ཟིན་པ་དང་། རྒྱ་ནག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཚད། བཞི་ཆའི་གཅིག་ལས་ཆེས་ཆེར་མཐོ་བ་ཡོད་ཅེས་བཀོད་འདུག

ལན་ཀྲོའུ་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ་སྟེང་ བཀོད་པའི་འབྲུག་ཆུ་ དཀྱིལ་རྒྱུད་ནས་རི་ཉིལ་འདམ་རུད་འགོག་བཅོས་མ་ལག་དང་བྱེད་ནུས་ལ་ཞིབ་འཇུག་ཅེས་ པའི་རྩོམ་ཡིག་ཏུ། ནགས་ཚལ་གཏོར་ནས་ས་སྦོལ་དང་། རི་གཟར་ངོས་སུ་ས་ཞིང་འདེབས་ལས། འོས་འཚམ་མིན་པའི་གཏེར་སྔོག་ས་རྡོ་འགད་རྫས་ཀྱིས་གཏོར་བ། ལམ་བཟོ། ཆུ་གློག་ལས་གཞི་འཛུགས་སྐྲུན་དང་འཛུགས་སྐྲུན་ལས་གཞི་གཞན་དག་སོགས་ཀྱི་རྐྱེན་ ལས། ས་འཛིན་བརྟན་ཆ་ཤོར་བ་དང་། གད་རྡིབ། རི་ཉིལ་དང་འདམ་རུད་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཀོད་ཡོད་པ་ སོགས་ལ་གཞིགས་ན་ཐེངས་འདིའི་ཆུ་ལོག་འདམ་རུད་ཀྱི་གནོད་འཚེ་འདི་ནི་རྒྱ་གཞུང་ གིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚབས་ཆེན་བྱས་པའི་མཇུག་འབྲས་ངན་པ་ ཞིག་ཡིན་པ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཤེས་རྟོགས་ཐུབ་པ་ཞིག་རེད།

 
འབྲེལ་གཏུགས་བྱེད་ས། OFFICE OF THE CENTRAL EXECUTIVE COMMITTEE OF DHOMAY.
Tilak Building. Bhagsu road , Mcleodganj, Dharamsala,Distt. Kangra.(H.P) 176219 INDIA
Email-dhomayweb@gmail.com ཁ་པར་ཨང་། 0091-01892-220334