འཚོལ་བཤེར:
༧པཎ་ཆེན་སྐུ་ཕྲེང་བཅུ་བ།
པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་ནི། བོད་ཤར་ཕྱོགས་མདོ་སྨད་བིས་མདོ་ཤོག་ཁའི་མ་ཞུ་གྲོང་སྡེར་ཡབ་མགོན་པོ་ཚེ་བརྟན་ དང༌། ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་སྟག་༡༩༣༨ ལོའི་བོད་ཟླ་དང་པོའི་ཚེས་གསུམ་ཉིན་སྐུ་འཁྲུངས། དགུང་ལོ་བདུན་པར་མདོ་སྨད་བསྟན་པའི་གསལ་བྱེད་ཨ་ལགས་བླ་ཁོ་རིན་པོ་ཆེས་པཎ་ཆེན་ གོང་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་སྟེ། འཇམ་མགོན་རྒྱལ་བ་གཉིས་པ་གང་དུ་བལྟམས་པའི་གནས་མཆོག་སྐུ་འབུམ་དགོན་དུ་གདན་ དྲངས། ཨ་ལགས་བླ་ཁོ་རིན་པོ་ཆེ་དང༌། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེ་སོགས་ལ་བསྟེན་ནས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ ཆོ་ག་སོགས་ལ་བསླབས་པས་ཚེགས་མེད་པར་མཁྱེན། དགུང་ལོ་བཅུ་གསུམ་པར་པཎ་ཆེན་གོང་མའི་ཡང་སྲིད་དོགས་གཞི་བྱུང་བ་ཁོང་དང༌། ཁམས་ལི་ཐང་དང༌། ཚ་ བ་དཔའ་ཤོད་ནས་ཡིན་པའི་ཡ་མཚན་ཅན་གྱི་ཕྲུ་གུ་གསུམ་བྱུང་བའི་ནང་ནས་རྒྱལ་དབང་ ཐམས་ཅད་མཁྱེན་པས་ཨ་ལགས་བླ་ཁོ་རིན་པོ་ཆེས་ངོས་འཛིན་གནང་བའི་དམ་པ་འདི་ཉིད་ལ་ གོང་མའི་ཡང་སྲིད་འཁྲུལ་མེད་ཡིན་པའི་བཀའ་ཡིག་དང་སྦུག་དམ་གནང༌། དགུང་ལོ་བཅུ་བཞི་པར་དབུས་སུ་ཕེབས་ཏེ། གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་གཉིས་ཕན་ཚུན་གསེར་ཞལ་མཇལ་འཕྲད་གནང་སྟེ། སྐུ་གོང་མའི་སྐབས་སྨོན་ལམ་ལོག་པའི་གཡེན་སྦྱོར་དཀྲུགས་ཤིང་འདྲ་མིན་བྱས་པའི་ ངན་ཇུས་ལ་མཐའ་སྡོམ་གྱི་རྫོགས་ཚིག་བཏབ། དགུང་ལོ་བཅོ་བརྒྱད་པར་མདོ་སྨད་ཁུལ་དུ་དད་ལྡན་སྟོང་ཕྲག་མང་པོར་བྱང་ཆུབ་ལམ་ རིམ་ཆེན་མོའི་བཀའ་ཆོས་གནང༌། ཏྲེ་ཧོར་གཟིག་རྒྱབ་བླ་བྲང་གིས་ཞུས་ངོ་བཞིན་བདེ་ཆེན་ཕོ་བྲང་དུ་དཔལ་དུས་ཀྱི་ འཁོར་ལོའི་དབང་ཆེན་བསྩལ། གུང་ཁྲན་ཏང་གིས་བོད་ས་བཙན་འཛུལ་བྱས་ཏེ་བོད་ཀྱི་ཆོས་དང་རིག་གཞུང༌། གོམས་པའི་གཤིས་ལུགས་སོགས་མདོར་ན་གངས་ཅན་པའི་སྣོད་བཅུད་ཆ་ལག་དང་བཅས་པར་གོད་ ཆག་ཚད་མེད་དུ་བཟོས་པ་དང༌། ཉེས་མེད་བོད་པ་འབུམ་ཕྲག་མང་པོར་ངོ་ལོག་པ་དང༌། རྨོངས་དད་པ་ལ་སོགས་པའི་མིང་འདོགས་སྣ་ཚོགས་འོག་དམར་གསོད་དང་བཙན་འཛུགས་རྡུང་ རྡེག་ཚད་མེད་བཏང་བ་དང༌། མུ་གེའི་བསྐལ་པ་ཡ་ང་བའི་འོག་ནས་བོད་མི་འབུམ་ཕྲག་མང་པོའི་ཚེ་སྲོག་ལ་གོད་ཆག་ བྱུང་བའི་ཚུལ་རྣམས་གཟིགས་ནས་སྙིང་སྟོབས་ཀྱི་གོ་ཆ་བརྟན་པོར་བགོས་ཏེ། གུང་ཁྲན་ཏང་ལ་ " ཡིག་འབྲུ་ཁྲི་བདུན་ " ཞེས་པའི་སྙན་ཞུ་ཕུལ་བ་ལས། རིག་ གསར་སྐབས་གསར་བརྗེ་ངོ་ལོག་པའི་གྲས་སུ་བཞག་ཏེ་དམར་སྲུང་དམག་གིས་ཉེས་རྡུང་ཚད་ མེད་བཏང་བ་དང་མི་ལོ་དགུའི་རིང་ལ་ས་འོག་མུན་དོང་དུ་བཙོན་འཇུག་བྱས། དགུང་ལོ་ཞེ་གཉིས་པར་བཙོན་བཀྲོལ་བྱུང་བ་དང་མུ་མཐུད་ལྷ་ས་དང༌། མདོ་སྟོད་སྨད་རྣམས་སུ་གཟིགས་སྐོར་ལ་ཕེབས་ནས་དམངས་ཀྱི་བདེ་སྡུག་དང་ཆོས་ལུགས། གོམས་སྲོལ་སོགས་སླར་གསོའི་ཕྱག་ལས་རྒྱ་ཆེར་གནང༌། ལྷ་སར་སྨོན་ལམ་ཆེན་པོ་ཚུགས་ཏེ་ཚོགས་དབུར་ཕེབས་པ་དང༌། མདོ་དབུས་ཁམས་སུ་བོད་ཡིག་གི་སློབ་གྲྭ་མང་པོ་གསར་འཛུགས་གནང༌། རིས་མེད་དགོན་སྡེ་མང་པོའི་ཆོས་སྒོ་ཕྱེས་ཏེ་དགེ་འདུན་གྱི་སྡེ་ཚུགས་པ་དང་བཤད་ སྒྲུབ་འཆད་ཉན་གྱི་སྲོལ་རྒྱུན་སླར་གསོ་བྱས།
༧རྗེ་ཞྭ་དམར་པཎྚི་ཏ་༧སྐུ་ཕྲེང་བཞི་པ།
ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་ཆུ་བྱི་ཕྱི་ལོ་ ༡༨༥༢ ལོར་མཚོ་སྔོན་པོའི་ཉེ་འགྲམ་ཆོས་ལུང་དུ་གྲགས་པར་མདའ་བཞིའི་ཉིན་ཐུབ་ཤོག་ཁའི་ ཞྭ་དམར་ཚོ་བར་ཡབ་བན་མུག་དང་ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་ བཅས་སྐུ་འཁྲུངས། དགུང་ལོ་གསུམ་པར་ཡབ་ཀྱི་སྐུ་པང་ན་བཞུགས་སྐབས་ཤིག་རྔོན་པ་ཞིག་གིས་རི་དྭགས་ ཀྱི་ཤ་བྱིན་པ་ཡབ་ཀྱིས་དམ་པ་འདིའི་ཞལ་དུ་ཅུང་ཟད་བཞག་པར། དེ་མ་ཐག་ཕྱིར་བསྐྱུར་ཅིང་ལྗགས་སྟེང་ཕྱག་གིས་བྲད་དེ་ཤིན་ཏུ་གདུང་བའི་ཉམས་ ཀྱིས་ཆོ་ངེ་བཏབ་ཅིང་བཤུམས་པས། རྔོན་པ་དེ་སྐྲག་ནས་ལམ་སང་ཕྱག་འཚལ་ཞིང་ཕྱིན་ཆད་རི་དྭགས་མི་གསོད་པའི་དམ་བཅའ་ ཕུལ། ཡང་སྐབས་ཤིག་ཆུ་འགྲམ་ཞིག་ཏུ་བྱིས་པ་ཁ་ཤས་དང་མཉམ་དུ་སྐུ་རྩེད་མཛད་སྐབས་བྱིས་ པ་ཚོས་ཕོར་པའི་ནང་དུ་བྱེ་མ་དཔར་ཏེ་གུར་ཡིན་ཁུལ་བྱས་པར། རྗེ་ཉིད་ནས་ཕོར་པར་ཆུ་བླུགས་པ་ཡང་ཕྱེ་མ་བཞིན་དཔར་ཏེ་གྲལ་དུ་བསྒྲིགས་པ་སོགས་ ངོ་མཚར་བའི་མཛད་པ་མང་། པཎ་ཆེན་བསྟན་པའི་ཉི་མ་དང་རྗེ་གསར་ཁང་པའི་སྐུ་མཆེད་རིན་པོ་ཆེ་བློ་བཟང་བསྟན་ པ་རྒྱ་མཚོ་རྣམ་གཉིས་དགོངསམཐུན་གྱིས་སྐུ་གོང་མའི་ཡང་སྤྲུལ་དུ་ངོས་འཛིན་གནང་། དགུང་ལོ་བརྒྱད་པར་རྗེ་ཐར་ཤུལ་རིན་པོ་ཆེ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་ལས་རབ་ ཏུ་བྱུང་ཞིང་། དགེ་འདུན་བསྟན་འཛིན་བཟང་པོ་ཞེས་པའི་མཚན་གསོལ། ཀུན་སྤངས་པ་རྗེ་བསྟན་འཛིན་རྒྱལ་མཚན་སློབ་དཔོན་དུ་བསྟེན་ནས་ཀློག་སོགས་བསླབས། དགུང་ལོ་བཅུ་བཞེས་དུས་ལ་མོ་བདེ་ཆེན་དུ་ཚོགས་ཞུགས་གནང་། དགུང་ལོ་བཅུ་གཅིག་པ་ནས་སྟག་རི་རབ་འབྱམས་པ་བློ་བཟང་ཉི་མ་དགེ་རྒན་དུ་བསྟེན་ ནས་བསྡུས་གྲྭ་བློ་རྟགས་སོགས་ལ་ཐུགས་གཉེར་གནང་། འཛིན་གྲྭ་གཞུང་དུ་ཕེབས་པ་ནས་བཤེས་གཉེན་ཆེན་པོ་ཤེས་རབ་རྒྱ་མཚོ་སོགས་ལས་གཞུང་ ཆེན་མང་པོའི་མཛུབ་ཁྲིད་དང་དོགས་གཅོད། རྒྱ་བོད་ཀྱི་གཞུང་ཆེན་མང་པོ་གུང་བསྒྲིགས་ཏེ་གཟིགས་རྟོག་དང་། ཆོས་གྲྭར་བརྒལ་བརྟག་ལའང་པརྩོན་པ་ཡུན་རིང་བསྟེན། དགུང་ལོ་ཆུང་དུས་ནས་དབེན་པའི་གནས་སུ་ཐོས་དོན་རྒྱུད་ལ་སྦྱོར་བའི་ཐུགས་འདུན་ ནར་མར་ཡོད་པས། དགུང་ལོ་བཅུ་དགུ་བར་གསང་སྟབས་ཀྱིས་རེབ་གོང་དུ་ཕེབས། སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་བློ་བཟང་ལུང་རིགས་རྒྱ་མཚོའི་དྲུང་དུ་མཇལ་ཏེ་ དབེན་པར་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་ལ་ཆིག་དྲིལ་མཛད་རྒྱུའི་དམ་བཅའ་ དང་བཞེད་དོན་མཐར་ཕྱིན་པའི་སྐྱབས་འཇུག་ཞུས་པར་ནང་བཅར་གྱི་སློབ་སྟོན་གནད་ དྲིལ་བསྩལ། མ་འགྱངས་པར་བླ་མའི་བཀའ་བཞིན་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ། རྗེ་ཤེས་རབ་རྒྱ་མཚོའི་དྲུང་ནས་ཟབ་རྒྱས་ཆོས་ཀྱི་བགོ་སྐལ་མཐའ་ཡས་པ་མནོས། དགུང་ལོ་ཉི་ཤུ་པར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས་ཏེ་སྔར་གྱི་མཚན་ལ་མཁན་པོའི་ མཚན་ཟུར་བསྣན་ནས་དགེ་འདུན་བསྟན་འཛིན་རྒྱ་མཚོ་དཔལ་པཟང་པོར་གསོལ། དེ་འཕྲལ་མཁས་དབང་དགེ་འདུན་བཟང་པོ་ལས་འདུལ་བའི་བསླབ་བྱ་ལག་ལེན་དང་བཅས་པ་གསན་ ཏེ་ལྟུང་བ་འབྱུང་བའི་སྒོ་ཁེགས་ངེས་གནང་། ཞང་སྟོན་བསྟན་པ་རྒྱ་མཚོའམ་མཚན་གཞན་ཨ་ཁུ་ཐབས་མཁས་ཚང་ལས་ཆོས་རྒྱུན་མང་པོ་གསན། སླེར་རེབ་གོང་དུ་ཕེབས་ཏེ་སྐྱབས་རྗེ་ཨ་རོལ་རིན་པོ་ཆེ་མཇལ་བར། བླ་མ་མཆོག་དེས་སྔར་མ་གསན་པའི་ཆོས་རྒྱུན་དུ་མ་གནང་དགོས་ཚུལ་གྱི་གསུང་ནན་ བསྩལ་བ་བཟློག་མ་ནུས་པར་རྗེ་ཤེས་རབ་རྒྱ་མཚོའི་གསུང་འབུམ་གྱི་ལུང་སོགས་ཕུལ་ བར་བླ་མ་བླ་མ་མཆོག་ཐུགས་དགྱེས་པའི་རྩེར་སོན་ཅིང་སྐུ་གཟན་སེར་པོ་བཞེས་འཕྲོ་ སོགས་དངོས་འབུལ་བཅས་མགོན་པོ་གང་གི་ཆོས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ། སྐྱབས་རྗེ་ཨ་རོལ་རིན་པོ་ཆེས་གཙོསམཁས་གྲུབ་དམ་པ་དུ་མ་ལས་ཆོས་བཀའ་རྒྱ་མཚོ་ལྟ་ བུ་གསན་བཞེས་གནང་ཞིང་། རི་ཁྲོད་དུ་ཕེབས་པ་ནས་ལོ་མང་པོའི་རིང་དགུན་བཅད་རྒྱའི་ངོས་སྤོང་བ་བསམ་གཏན་ལ་ གཅིག་ཏུ་གཞོལ་ཅིང་། དབྱར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་ཤེས་རབ་རྒྱ་མཚོ་སོགས་ལས་ཆོས་ རྒྱུན་རྣམ་དག་མཐའ་ཡས་པ་གསན་པས་མང་ཐོས་རྒྱ་མཚོའི་ཕ་རོལ་ཏུ་སོན། གཞན་ཡང་མཁས་པ་དུ་མ་ལས་སྒྲ་སྙན་ངག་སྡེབ་སྦྱོར་སྐར་རྩིས་གསོ་བ་རིག་པ་སོགས་ རིག་པའི་གནས་མཐའ་ཡས་པར་སྦྱང་པ་མཐིལ་ཕྱིན་གནང་ནས་གནས་ལྔ་རིག་པའི་པཎྚི་ཏ་ཆེན་ པོར་གྱུར། བླ་མའི་བཀའ་བཞིན་ཕྱོགས་ཡས་མས་ཀྱི་གདུལ་བྱའི་ཚོགས་ལ་ཆོས་བཀའ་མཐའ་ཀླས་པ་བསྩལ། རི་ཁྲོད་དུ་ཕེབས་པ་ནས་ཉམས་བཞེས་ལ་གཞོལ་སྐབས་ཧྲིལ་པོར་གྲུབ་དབང་སྐལ་ལྡན་རྒྱ་ མཚོའི་རྣམ་ཐར་བཞིན་བཤད་སྒྲུབ་ཟུང་འབྲེལ་གནང་ཞིང་། འབྱོན་བཞུད་སོགས་ཀྱི་སྐབས་འགའ་རེ་མ་གཏོགས་ཐུན་བཞིའི་རྣལ་འབྱོར་རྒྱུན་ འཁྱོངས་དང་། ཞར་ལ་བཀའ་བསྟན་མང་པོར་གཟིགས་རྟོག་ཞིབ་ཏུ་གནང་ཞིང་ཐུན་མཚམས་རྣམས་སུ་དགེ་བའི་ བཤེས་གཉེན་སངས་རྒྱས་ཆོས་གྲགས་སོགས་ལས་བཀའ་པོད་མང་པོའི་མཛུབ་ཁྲིད་གསན་ཅིང་། སྨྲ་དབང་ཧོར་ཆེན་ཡེ་ཤེས་རྒྱ་མཚོ་སོགས་དང་མཉམ་དུ་བརྒལ་བརྟག་གིས་གཏན་ལ་ཕབ་པས་ མི་འཕྲོག་པའི་མཁྱེན་རབ་ཀྱི་ཀློང་བརྡོལ། དགུང་ལོ་སོ་དྲུག་བཞེས་པ་མེ་ཕག་ལོར་རྨ་ཆུའི་བྱང་ངོས་ཀྱི་མཚེར་མོ་ཆེའི་རི་ ཁྲོད་བསམ་གཏན་ཆོས་སྡིངས་ཞེས་པར་ཕེབས་ཏེ་ཉམས་བཞེས་ལ་གཅིག་ཏུ་བརྩོན་པར་མཛད་ ཅིང་། ལེགས་བཤད་དོན་དུ་གཉེར་བའི་གདུལ་བྱ་དཔག་ཏུ་མེད་པ་འདུས་ཤིང་། ལྷག་པར་སྐུའི་ཉེ་འཁོར་དུ་རྒྱུན་བཞུགས་སྒོས་གསུང་གི་བདུད་རྩིས་འཚོ་ཞིང་ སྒྲུབ་པའི་རྒྱལ་མཚན་སྒྲེང་བའི་རི་ཁྲོད་པ་ཐོག་མར་བཅུ་ཕྲག་གཉིས་ལྷག་ནས་རིམ་ གྱིས་བརྒྱ་ཕྲག་གསུམ་ལ་ཉེ་བར་འདུས་ཏེ་ངྷྰིཿཚ་རི་ཁྲོད་པ་ཞེས་གྲགས་པ་བྱུང་ ཞིང་། མཚན་ཉིད་ཀྱི་སྲོལ་བཙུགས། རྗེས་སོར་ཆུ་ཡོས་ལོར་ངྷྰིཿཚ་རི་ཁྲོད་པའི་འདུས་སྡེ་དགེ་ལྡན་བཀྲ་ཤིས་ཆོས་ སྡིངས་ཕྱག་བཏབ། གཞན་ཡང་སྐུ་འབུམ། བྱ་ཁྱུང་། གསེར་ཁོག དགོན་ལུང་། རོང བོ་དགོན་ཆེན་སོགས་དགོན་སྡེ་ཆེ་ཕྲ་མང་པོར་ཞབས་ཀྱིས་བཅགས་ནས་དམ་པའི་ཆོས་ཀྱི་ གྲུ་ཆར་ཕབ། ཤིང་འབྲུག་ལོར་༸གོང་ས་རྒྱལ་བའི་དབང་པོ་བཅུ་གསུམ་པ་ཆེན་པོ་སྐུ་འབུམ་དུ་ཕེབས་ སྐབས་རྗེ་དེ་ཉིད་རི་ཁྲོད་པ་སུམ་བརྒྱ་ལྷག་བཅས་མཇལ་ཞུར་ཕེབས་ཤིང་། གཟིམ་ཆུང་མཇལ་ཁ་ཞུས་པའི་ཚེ། ༸རྒྱལ་དབང་མཆོག་ནས་གཟིགས་མ་ཐག་ཐལ་མོ་སྦྱོར་བ་གནང་ཞིང་། ལྔ་པ་ཆེན་མོ་དངོས་སུ་འདུག་གསུངས་ཏེ་དགྱེས་ཉམས་ཆེན་པོ་གནང་། ༸རྒྱལ་དབང་མཆོག་ནས་སྔར་མ་གསན་པའི་ཆོས་རྒྱུན་མང་པོ་ཞིག་གནང་དགོས་ཚུལ་གྱི་ བཀའ་ནན་བསྩལ་བ་བཟློག་མ་ནུས་པར་དབང་ལུང་ཁྲིད་མན་ངག་གི་སྐོར་མཐའ་ཡས་པ་འབུལ་ བར་མཛད། རྒྱལ་དབང་མཆོག་ནས་ཡོངས་འཛིན་ཆོས་ཀྱི་རྒྱལ་པོ་མ་ཧ་པཎྚི་ཏ་ཞེས་པའི་འཇའ་ས་དང་། ཐམ་ག་གྲུ་སྐོར། གདུགས། རྟ་དར་སོགས་ཆེན་པོར་འོས་པའི་ལུང་དང་། བདོག་པ་གྱ་ནོམ་པ་གནང་། དེ་ལྟར་བཤད་སྒྲུབ་ཟུང་འབྲེལ་གྱི་སྒོ་ནས་ཐུབ་པའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་ གསལ་བར་མཛད་ནས་སྐུ་དངོས་ཀྱི་གདུལ་བྱ་རྫོགས་པ་ན། དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔ་བའི་ཆུ་བྱི་ཕྱི་ལོ་༡༩༡༢ ལོར་དབེན་པའི་གནས་མཆོག་བཀྲ་ཤིས་རྩེར་ངོ་མཚར་བའི་ལྟས་དུ་མ་དང་བཅས་གཟུགས་ སྐུའི་བཀོད་པ་བསྡུས། བཀའ་རྩོམ་པོ་ཏི་ལྔ་བཞུགས། རྣམ་ཐར་རྒྱས་པ་༸རྒྱལ་དབང་བཅུ་གསུམ་པ་ཆེན་པོས་མཛད་པ་དང་། དེ་ལས་ཤིན་ཏུ་རྒྱས་པ་ཐུགས་སྲས་དམ་པ་ངྷཱིཿཚའི་དགེ་བཤེས་གྲགས་པ་དར་རྒྱས་ཀྱིས་ མཛད་པ་བཅས་ཡོད།
དགུ་རོང་ཨོ་རྒྱན་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེ།
འདི་བ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་དམག་རྒྱུད་དགུ་ རོང་རུ་འཇགས་ཚང་དུ་ཕྱི་ལོ་༡༨༧༥ལོར་སྐུ་འཁྲུངས། ཕྱི་ལོ་༡༨༧༧ལོར་སྐུ་གོང་མ་སྣ་ཚོགས་རང་གྲོལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད། ཕྱི་ལོ་༡༨༨༡ལོར་ཨན་ཆུང་གནམ་རྫོང་དུ་གདན་སར་བཀོད། སྔ་ཕྱིར་ཞབས་དཀར་སྤྲུལ་སྐུ་དང་། དབུས་རྡོ་བྲག་མཁན་པོ། ཞྭ་དམར་དགེ་འདུན་བསྟན་འཛིན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། གཏེར་སྟོན་བསོད་རྒྱལ། མཁན་ཆེན་གཞན་དགའ། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ། སྟག་ལུང་མ་རིན་པོ་ཆེ། ས་སྐྱའི་རྫེ་བཙུན་མ་དངོས་གྲུབ་དབང་མོ། དཔོན་སློབ་ནམ་མཁའ་འོད་གསལ་སོགས་མཁས་གྲུབ་ལྔ་བཅུ་ལྷག་བསྟེན་ལ། རེབ་ཀོང་གྲུབ་གནས་བརྒྱད་དང་མཚོ་སྙིང་མ་ཧཱ་དེ་ཝ། རྨ་ཆེན་སྦོམ་ར། བྲག་དཀར་སྤྲེལ་རྫོང་། དགུ་རོང་མ་ཎི་ཐང་། བྲག་དཀར་ཐེམ་ཆེན་སོགས་དབེན་གནས་གང་འགོལ་དུ་སྒྲུབ་པ་ཉམས་ལེན་མཛད། ལྷ་སར་ཕེབས་སྐབས་གཞུང་ས་དགའ་ལྡན་ནས་ཕི་ལིང་༼ཕྱི་གླིང་༽གི་དམག་བཟློག་བྱེད་ དགོས་པའི་བཀའ་བབ་པ་ལྟར་ཕུབ་བའི་སྒོ་ནས་རྒྱལ་འབུམ་མཆོད་རྟེན་འོག་ཏུ་དགྲ་ གནོན་རྒྱག་སྐབས་ས་གཡོས་པ་སོགས་ཀྱི་རྟགས་མཚན་ཐོན་ཟེར། རྒྱལ་ཚབ་དེ་མོ་བའི་བཀའ་ལྟར་ཁྱབ་འཇུག་དྲག་བསྐུལ་གྱིས་ཕི་ལིང་གི་དམག་འཐབ་ལས་ རྒྱལ་བའི་ལས་སྦྱོར་མཛད། རྩེ་ཤོད་གཉིས་ཀྱིས་བདག་རྐྱེན་གནང་། ༧རྒྱལ་དབང་བཅུ་གསུམ་པའི་དགོངས་གཞི་ལྟར་ཧོ་ཐོག་ཐུའུ་ཆོ་ལོ་གནང་། རེབ་གོང་དང་ཁྲི་ཀ་སོགས་ཀྱི་རྒྱ་བོད་སྡེ་གཟར་མང་པོ་བསྡུམས། ཞེ་གསུམ་པ་ཕྱི་ལོ་༡༩༡༧ལོར་མཱ་པུ་ཧྥང་གི་དམག་མི་བཅུ་གཉིས་དང་ལྷན་དུ། པེ་ཅིན་སོགས་སུ་བསྐྱོད་དེ་སྐབས་དེའི་པེ་དབྱང་སྲིད་གཞུང་གི་ལྕགས་ཆས་བཟོ་གྲྭ་ དང་། སྨན་ཁང་། སློབ་གྲྭ་སོགས་སུ་ཚན་རིག་ལག་རྩལ་དང་། གསེར་འགྱུར་གྱི་རྩིའི་མན་ངག་སོགས་སྦྱངས། ནན་ཅིན་དུ་ཕྱག་རོགས་དཔོན་ཕྲུག་ལྷ་འབྲུག་དང་། དགུ་རོང་བླ་རྒན། ངག་ཆོས་སྐུ་འཁོར་ཞབས་ཞུ་རྣམས་ཀྱིས། ཟངས་དཔར་དང་། ཞན་དཔར་། རྡོ་དཔར་། ཤིང་དཔར་སོགས་དཔར་སྐྲུན་གྱི་ལག་རྩལ་སྦྱངས། ཕྱིས་པེ་དབྱིང་སྲིད་གཞུང་གི་ཚབ་བྱས་ཏེ་བོད་རྒྱ་ཞི་མོལ་བྱེད་དུ་ཕེབས་ཏེ་སྐུ་ དྲག་མི་དྲག་སྐོར་ཞིག་ལ་གསེར་འགྱུར་རྩིའི་ལག་རྩལ་སོགས་བསླབས། ང་བརྒྱད་པར་སྐུ་གཤེགས།
སྒིས་སྟེང་བློ་བཟང་དཔལ་ལྡན།
མདོ་སྨད་རེབ་གོང་རོང་འབྲོག་ཚོ་ལྔའི་ནང་ཚན་ཚོ་འདུ་ཞེས་པའི་ཡུལ་དུ་ཡབ་ཚོ་ འདུའི་སྐུ་དབོན་ཆོས་མཛད་དང་། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ལྕགས་སྦྲུལ་ཕྱི་ལོ༡༨༨༡ལོར་ སྐུ་འཁྲུངས། མཚན་པདྨ་བཀྲ་ཤིས་ཞེས་ཐོག་མར་གསོལ། དགུང་ལོ་བཅུ་པར་དབེན་གནས་དམ་པ་སྒིས་སྟེང་དགའ་ལྡན་ཆོས་འཕེལ་གྱི་སྒྲུབ་གྲྭར་ ཞུགས་ཏེ་གླང་གྱའི་ལྷ་རམས་པ་བློ་བཟང་ཆོས་གྲགས་ཀྱི་དྲུང་དུ་ཚངས་སྤྱོད་དགེ་ བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་སྒོ་ནས་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་ པ་ཡང་དག་པར་མནོས། མཚན་བློ་བཟང་དཔལ་ལྡན་ཞེས་གསོལ། དགུང་ལོ་བཅུ་གཉིས་པ་ཆུ་འབྲུག་ལོ་ནས་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་ རྒྱ་མཚོ་དང་། གྲུབ་དབང་འཇིགས་མེད་བསམ་གཏན། ཚོ་འདུའི་ཡོངས་འཛིན་བྱང་ཆུབ་ཀུན་སྤངས་བློ་བཟང་ བསམ་གཏན་བཅས་མཁས་གྲུབ་དུ་མའི་ཞབས་ལ་གཏུགས་ཏེ་ཐུན་མོང་གི་རིག་གནས་དང་སྒོས་ སུ་མདོ་སྔགས་ཀྱི་བཀའ་ཆོས་དབང་ལུང་མང་དུ་གསན། དགུང་ལོ་ཉི་ཤུ་པར་རབ་བྱུང་མཁན་པོ་སེམས་དཔའ་ཆེན་པོ་བློ་བཟང་ཆོས་གྲགས་ལས་ བསྙེན་པར་རྫོགས། ལོ་དེར་དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ་ལས་དབྱངས་ཅན་བྱཱ་ཀ་ར་ཎའི་ རྩ་འགྲེལ་དང་། སྡེབ་སྦྱོར་རིན་ཆེན་འབྱུང་གནས་ཞིབ་ཏུ་སྦྱངས་པས་ཀུན་བཤད་ཀྱི་མཚན་མི་ཕམ་མཚོ་ བྱུང་བཞད་པའི་ལང་ཚོ་ཞེས་གསོལ་ཅིང་། ཕྱིས་ཀ་ཙན་དབྱངས་གསུམ་གྱི་སྐོར་ལ་གཟིགས་རྟོགས་རྒྱ་ཆེར་མཛད་དེ་ནང་བྱན་ཆུད་ པར་གྱུར། སྙན་ངག་དང་རྩིས་ཀྱི་སྐོར་ཡང་བཤེས་གཉེན་མཚོ་བྱུང་དགྱེས་པའི་དཔལ་གཅིག་པུ་ལས་ ལོ་སྔ་ཕྱི་དཀྱུས་གཅིག་ལ་མཐར་ཕྱིན་པར་མཛད། དགུང་ལོ་ཉེར་བཞིར་སྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས། བླ་མ་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོའི་ཞབས་ལ་ཡང་བསྐྱར་གཏུགས། དེ་ནས་བཟུང་དགུང་ལོ་སོ་གཉིས་ཀྱི་བར་བླ་མ་དེ་ཉིད་ཀྱི་ཞབས་པད་དུ་བཅར་ནས་མདོ་ སྔགས་རིག་གནས་ཀྱིས་བསྡུས་པའི་མཁས་པར་བྱ་བའི་གནས་རྣམས་ཁོང་དུ་ཆུད་པར་མཛད། དགུང་ལོ་སོི་ལྔ་པ་ནས་སྟག་རྡོ་དང་། སྒ་སར། ཀ་རིང་། རྫོང་དཀར་སོགས་སུ་བཞུགས་ནས་ཆོས་ཀྱི་སྤྱིན་པ་རྒྱ་ཆེར་བསྩལ། དགུང་ལོ་ཞེ་བདུན་པར་ཤར་བླ་བྲང་ཆེན་པོར་ཕེབས་ཏེ་ཤར་སྐྱབས་མགོན་སྐལ་ལྡན་བློ་ བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་མཛད། དགུང་ལོ་ང་ལྔ་པར་འབྲས་སྤུངས་ཀླུ་འབུམ་ལྷ་རམས་པ་ཤེས་རབ་པས་མཛད་པའི་བརྒལ་ལན་ བསྐལ་པའི་མེ་དཔུང་ཞེས་བྱ་བ་ཡུལ་དབུས་ནས་བསྐུར་བ་ཕྱག་ཏུ་འབྱོར། མེ་བྱི་ལོར་དགག་ལན་ཆུ་ཡི་འཕྲུལ་འཁོར་བརྩམས། ལོ་དེའི་ཟླ་བ་བཞི་པར་པཌ་ཆེན་ཐམས་ཅད་མཁྱེན་པ་གསེར་ལྗོངས་ཡུལ་དུ་ཕེབས་པ་ལ་ རྗེ་འདིས་སྙན་ རྩོམ་རྟོགས་བརྗོད་གསེར་གྱི་མེ་ཏོག་མཛད་དེ་ཕུལ། རིག་གནས་ཆེ་ཆུང་བཅུ་ཕྲག་ཡོན་ཏན་གྱི་བགོ་བཤས་བུ་སློབ་བསྐྱངས་པའང་མདོ་སྨད་ ཀྱི་གྲྭ་ས་སྒྲུབ་སྡེ་ཕལ་ཆེ་བའི་བླ་སྤྲུལ། དགེ་བཤེས། རི་ཁྲོད་པ་མང་པོ་དང་། གསང་སྔགས་རྙིང་མའི་བླ་སྤྲུལ་ དང་སྔགས་པ་། གཤེན་སྟོན་བོན་པོ་གཡུང་དྲུང་གི་རྒྱུད་འཛིན་པའི་སྐྱེས་ཆེན། ཟི་ལིང་གྲོང་ཁྱེར་ནས་ཆེད་གཉེར་གྱིས་སླེབས་པའི་རྒྱ་རིགས་སློབ་མ་སོགས་དགེ་ ཕྲུག་སྟོང་ཕྲག་བརྒལ་བ་བྱུང་། གསུང་རྩོམ་མདོ་སྔགས་ཀྱི་གཞུང་འགྲེལ་དང་། སྐར་རྩིས། ཆབ་ཤོག སྙན་ངག་གི་སྐོར། ཡས་ཞུ་མར་བཤད་ཀྱི་གཏམ་ངོ་མཚར་བ་སོགས་པོ་ཏི་གཉིས་ཙམ་བཞུགས། དགུང་ལོ་རེ་བཞི་པ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ཕྱི་ལོ༡༩༤༤ལོར་སྐུ་གཤེགས།
དགེ་བཤེས་ཤེས་རབ་རྒྱ་མཚོ།
མདོ་སྔགས་གཞུང་ལུགས་སྨྲ་བའི་ཁྱུ་མཆོག་དགེ་བའི་བཤེས་ གཉེན་ཆེན་པོ་རྗེ་རྡོ་སྦིས་ཤེས་རབ་རྒྱ་མཚོ་མཆོག་ནི། བོད་མདོ་སྨད་ཡུལ་གྱི་ཆར་གྱུར་རྡོ་སྦིས་གསེར་མོ་ལྗོངས་ཀྱི་ཁོངས་གཏོགས། ཧོར་ལུང་བ་ཞེས་པའི་གྲོང་ཚོར་ཡབ་ལྷ་ལུང་སྐྱབས་དང་། ཡུམ་ལྷ་ལུང་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེལ་(ཕྱི་ལོ་ ༡༨༨༤)ལོར་སྐུ་འཁྲུངས། དགུང་ལོ་ལྔར་སོན་པ་ན་འབྲས་སྤུང་སྒོ་མང་དགེ་བཤེས་ལྷ་རམས་པ་ནོར་བུ་རིན་པོ་ ཆེའི་དྲུང་དུ་དགེ་ཚུལ་ཀྱི་སྡོམ་པ་བཞེས་ཤིང་། རང་དགོན་རྡོ་སྦིས་གྲྭ་ཚང་དགེ་ལྡན་འཕེལ་རྒྱས་གླིང་གི་ཆོས་སྒོར་ཞུགས་ཏེ་ཡི་ གེ་འབྲི་ཀློག་སྦྱོར་གསུམ་སོགས་ལ་སྦྱངས། དེ་ནས་དགུང་ལོ་བཅུ་དྲུག་སྐབས་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་ གྲྭ་ཞུགས་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་བསྐལ་བཟང་ཐུབ་བསྟན་ དབང་ཕྱུག་དང་། ཨ་ཁུ་གུང་ཐང་བློ་གྲོས་ཚང་སོགས་མཁས་གྲུབ་དམ་པ་མང་པོ་བསྟེན་ཏེ། ཉིན་མཚན་ལྟོས་མེད་དུ་སློབ་གཉེར་ཚུལ་བཞིན་མཛད་པ་དང་། ཨ་ཁུ་གུང་ཐང་བློ་གྲོས་ཚང་གི་མདུན་ནས་དགེ་སློང་གི་སྡོམ་པ་མནོས། སྐབས་དེར་ཁོང་གིས་ཉིན་རེར་ཆོས་དཔེ་ཤོག་བུ་མདའ་ཚད་མ་བདུན་རེ་ཆག་མེད་ཐུགས་ འཛིན་དང་། སྦྱངས་འབྲས་རྩེར་སོན་གྱི་འཛིན་གྲྭ་འཕར་བ། བསླབ་སྡོམ་ཚུལ་བཞིན་བསྲུང་ཤིང་ཞི་དུལ་བག་ཡོད་ཀྱི་རང་གཤིས་མངའ་བ་སོགས་གཞན་ ལས་འགོང་བའི་མཛད་སྤྱོད་ཡོན་ཏན་གྱི་ཀུན་ལ་ངོ་མཚར་བར་བྱས། དགུང་ལོ་ཉེར་གཅིག་སྟེང་ལྷ་སར་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ནས་ མཁས་པའི་དབང་པོ་བླ་མ་འབུལ་སྡུད་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱལ་ མཚན་སོགས་བསྟེན་ཏེ། མདོ་སྔགས་གཞུང་ལུགས་གཙོས་ཐུན་མོང་རིག་གནས་སོགས་ལ་སྦྱངས་པ་མཐར་ཕྱིན་མཛད་ འབྲས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་འགྲན་ཟླ་མ་མཆིས་པའི་མཁས་པའི་གོ་འཕང་ ཐོབ། དགུང་ལོ་སོ་གསུམ་བཞེས་ཐོག་དམིགས་བསལ་ལྷ་རམས་འཕར་མའི་མིང་བཏགས་ཐོབ་པ་དང་། རྩོད་རྒྱུགས་ཚོགས་ལངས་སོགས་ཀྱི་སྐབས་ལུང་རིགས་གཉིས་ཀྱི་སྒོ་ནས་ཀུན་ལས་རྒྱལ་ བའི་མཛད་པ་ཁྱད་པར་ཅན་གྲུབ་པས། རིག་པའི་གནས་ལྔར་མཁས་པ་ཨང་དང་པོ་ནི་འབྲས་སྒོ་མང་ཀླུ་འབུམ་དགེ་བཤེས་ཤེས་རབ་ རྒྱ་མཚོའོ་ཞེས་རྒྱལ་དབང་མཆོག་གིས་བཀའ་ལུང་བསྩལ་བས་མཚན་སྙན་མེ་ཏོག་གི་དྲི་ བསུང་གང་སར་ཁྱབ། དགུང་གྲངས་སོ་བཞིའི་སྟེང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དཀའ་མངགས་ ལྟར་བུ་སྟོན་གསུང་འབུམ་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་ལོ་དྲུག་རིང་དང་། དེ་མུར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཔར་གཞི་གསར་བཞེངས་ཀྱི་ཞུ་དག་ཀྱང་ བསྟུད་མར་ལོ་བརྒྱད་ལ་མཛད་པ་སོགས་དམ་པ་འདིས་རྒྱལ་དབང་མཆོག་གི་བཀའ་ལུང་སྤྱི་ བོས་བླངས་ཏེ་འགྲོ་བའི་འཕྲིན་ལས་རྒྱ་ཆེར་བསྒྲུབས། དགུང་ལོ་ལྔ་བཅུ་ལྷག་ཙམ་སོན་པ་ན་སྐབས་དེའི་གོ་མིན་ཏང་སྲིད་གཞུང་གིས་ཀྱང་ཁོང་ ལ་བརྩི་འཇོག་ཆེ་མཐོང་གིས་གདན་ཞུས་མཛད་པས་ཆོས་སྲིད་གཉིས་ཀྱི་བྱ་བ་མང་དུ་མཛད་ མྱོང་། ཕྱིས་རྒྱ་ནག་གུ་ཁྲན་ཏང་གིས་ཀྱང་ཁོང་གི་མཁྱེན་དཔྱོད་ལ་ཡི་རངས་ཀྱིས་ནང་བསྟན་ མཐུན་ཚོགས་ཀྱི་ཚོགས་གཙོ་སོགས་གོ་ཐོབ་བདག་འགན་མང་པོ་སྤྲད། གཞན་རྒྱ་གར་དང་། བལ་བོ། འབར་མ་སོགས་སུ་ཕེབས་བཞུད་ཀྱིས་ཆོས་འཆད་སྤེལ་གྱི་མཛད་རྗེས་བླ་མེད་བཞག་ཡོད་པ་ སོགས་སྐུ་ཚེ་ཧྲིལ་བོ་བསྟན་འགྲོའི་དོན་ཁོ་ནར་གཞོལ། དམ་པ་འདི་དགུང་ལོ་བཅོ་ལྔའི་སྟེང་ནས་རྩོམ་པའི་ལས་ལ་ཞུགས་ཏེ། སྔ་ཕྱིར་བརྩམས་གྲུབ་མཛད་པའི་བསྟན་བཅོས་མང་པོ་ཡོད་པ་ལས་དུས་ཀྱི་འགྱུར་ལྡོག་ གི་དབང་གིས་ཁག་ཅིག་མེད་བརླག་ཏུ་གྱུར་ནས་ལག་སོན་མ་བྱུང་ཡང་། རྗེས་འཇུག་བུ་སློབ་དག་གིས་གང་བཞུགས་པ་རྣམས་ཕྱོགས་བསྒྲིགས་དཔར་སྐྲུན་གྱིས་ ཀུན་གྱི་སྤྱན་ལམ་དུ་ཕུལ་ཡོད་པས། དེང་བོད་ཀྱི་རིག་གཞུང་ལ་སྦྱོང་གཉེར་དང་ཞིབ་འཇུག་སོགས་བྱེད་པར་བླ་ན་མེད་པའི་ གཞོགས་འདེགས་ཕན་བརླབས་བསྒྲུབ་ཀྱིན་ཡོད། རབ་བཅུ་དྲུག་པའི་ས་སྤྲེལ་ཕྱི་ལོ་༡༩༦༨ལོའི་ཟླ༡༡པའི་ཚེས་༡ཉིན་ཏེ་དགུང་ལོ་གྱ་ ལྔའི་སྟེང་སྐུ་གཤེགས།
རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོ།
བཅུ་ཕྲག་རིག་པའི་གནས་ལ་མཁས་པ་མཚན་དངོས་སྐལ་བཟང་དཀོན་ མཆོག་རྒྱ་མཚོ་དང་། ཡོངས་གྲགས་སུ་རྒྱ་ཞབས་དྲུང་མཆོག་ནི། བོད་རབ་བྱུང་བཅོ་ལྔ་པ་མེ་ཕོ་སྤྲེལ་ཕྱི་ལོ ༡༨༩༦ ལོར་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཁོངས་དངུལ་རྭ་འབྲོག་སྡེར་དཔལ་ཤུལ་རིགས་ སུ་ཡབ་ཆོས་ཤུལ་རྒྱ་མཚོ་དང་། ཡུམ་མུ་ཐུལ་མ་ཅིག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་ལྔའི་སྟེང་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་པ་མཆོག་གིས་ཀྲང་ ཀྱ་ཞབས་དྲུང་འཇམ་དབྱངས་སྐལ་ལྡན་རྒྱ་མཚོའི་ཡང་སྤྲུལ་དུ་ངོས་འཛིན་མཛད་དེ། ཁོང་གི་དྲུང་ནས་དགེ་བསྙེན་བསྒྲུབས། ལོ་དེ་གའི་ལྷ་བབས་དུས་ཆེན་དང་འབྲེལ་ཁྲིར་བཞུགས་མཛད་ཅིང་། བཅུ་པའི་ཚེས་བརྒྱད་ལ་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་སྐལ་བཟང་དཀོན་ མཆོག་རྒྱ་མཚོར་གསོལ། དགུང་ལོ་བཅུ་གཅིག་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་རྨད་བྱུང་ཐོས་བསམ་གླིང་གི་ ཚོགས་ལ་ཞུགས། མཁས་པའི་དབང་པོ་གྲགས་པ་མཐའ་ཡས་ཡོངས་འཛིན་དུ་བསྟེན་ནས་གཞུང་བཀའ་པོད་སོགས་ལ་ ཐོས་བསམ་སློབ་གཉེར་གྱི་དབུ་ཚུགས། དེ་ནས་དགུང་ལོ་བཅུ་དགུའི་སྟེང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་བཀའ་དགོངས་བཞིན་ སྨན་ལུང་དུ་ཕེབས་ནས་མཁས་པའི་དབང་པོ་དགེ་འདུན་རྒྱ་མཚོ་དང་ཞལ་ཤུལ་ངག་དབང་ བསྟན་པའི་རྒྱ་མཚོ་རྣམ་གཉིས་ལས་སྒྲ་དང་སྙན་ངག་སྐར་རྩིས་སོགས་ཐུན་མོང་རིག་ གནས་ལ་སྦྱངས་པ་མཐར་ཕྱིན་པར་མཛད། དགུང་ལོ་ཉི་ཤུའི་སྟེང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དྲུང་བསྙེན་པར་རྫོགས་ཏེ། དངུལ་ར་དགོན་པ་བདག་བཞེས་ཀྱིས་འཛིན་སྐྱོང་གནང་། དགུང་ལོ་ཉེར་དགུའི་སྟེང་དགོན་པ་གསར་འདེབས་ཀྱི་སླད་སྨད་སོག་ཏུ་ཕེབས་ནས་ལོ་ ལྔའི་རིང་གདུལ་བྱ་མང་པོ་ཆོས་ཀྱིས་ཚིམ་པར་མཛད། དགུང་ལོ་སོ་བཞིའི་སྟེང་རང་གི་གདན་སའི་ཆོས་ཁྲི་བདག་གིར་མཛད་དེ་ཆོས་རྒྱུན་ ཕྱག་ལེན་དང་སྒྲིག་སྲོལ་ལེགས་པར་བཙུགས། དགུང་ལོ་སོ་དྲུག་སྟེང་གདན་ས་དགེ་ལྡན་དམ་ཆོས་ཀུན་རྒྱས་གླིང་དུ་དུས་འཁོར་དབང་ ཆེན་ཐེངས་དང་པོ་གནང་། དགུང་ལོ་སོ་བདུན་སྟེང་སྨད་དུ་ཕེབས་ནས་པཎ་ཆེན་སྐུ་ཕྲེང་དགུ་པ་དང་མཇལ་ཏེ་དུས་ འཁོར་ལྷན་སྐྱེས་སོགས་ཟབ་ཆོས་མང་དུ་གསན། པཎ་ཆེན་རིན་པོ་ཆེས་ཐུགས་དགྱེས་ཆེན་པོས་དམ་པ་འདིར་ནོམ་ཆི་ནོ་མོ་ཧན་གྱི་ཐམ་ག་ དང་བཅས་ཆོས་ཀྱི་རྒྱལ་པོར་དབང་བསྐུར། དགུང་ལོ་ཞེ་གཉིས་སྟེང་དབུས་སུ་གནས་མཇལ་དུ་ཕེབས། དགུང་ལོ་ཞེ་དྲུག་སྟེང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཁྲིར་ཕེབས་ཏེ་རྡོར་ཕྲེང་ སོགས་ཟབ་ཆོས་མང་དུ་གསུངས། དགུང་ལོ་ང་གཅིག་སྟེང་ཨེ་ལྦམ་ཆོས་འཁོར་གླིང་དང་། བྱམས་མེ་ཐང་སྐོར་དུ་དུས་འཁོར་དབང་ཆེན་ཐེངས་གཉིས་པ་དང་གསུམ་པ་གནང་། དགུང་ལོ་ང་བཞིའི་སྟེང་དངུལ་ར་ལྷ་སྡེར་དུས་འཁོར་དབང་ཆེན་ཐེངས་བཞི་པ་གནང་། དགུང་ལོ་ང་ལྔའི་སྟེང་སླར་བླ་བྲང་གི་མཁན་ཁྲིར་ལོ་གཉིས་ལ་བཞུགས། དེ་རྗེས་དཔལ་ཤུལ་དུ་དུས་འཁོར་དབང་ཆེན་ཐེངས་ལྔ་པ་གནང་། དགུང་ལོ་རེ་གསུམ་སྟེང་སླར་དབུས་སུ་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེར་མཇལ་ཞིང་གྲྭ་སར་གྲུབ་མཐའ་ཆེན་མོ་སོགས་གསུང་ཆོས་ དུ་མ་བསྩལ། དམ་པ་གང་ཉིད་མཁས་པའི་གྲགས་པ་ཆེས་ཆེར་རྒྱས་སྟབས་༧གོང་ས་རྒྱལ་དབང་བསྟན་འཛིན་ རྒྱ་མཚོ་མཆོག་དང་། པཎ་ཆེན་ཆོས་ཀྱི་ཉི་མ། ཁྲི་ཆེན་འཇམ་དབྱངས་བསྟན་པའི་ཉི་མ་སོགས་སྐྱེས་བུ་དམ་པ་མང་པོས་ཚུལ་བཞིན་ བསྟེན་ཏེ་གསུང་གི་བདུད་རྩི་མྱངས། གསུང་ལས་སྐྱེས་པའི་བུ་སློབ་ལ་སྡེ་བ་གསེར་ཁྲི་དང་། མཁན་ཆེན་སྤྲུལ་སྐུ། དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་རྒྱལ་བསྟན་སྲོག་གི་ཀ་བར་གྱུར་པའི་མཁས་པ་མང་ དུ་བྱུང་། ཁོང་གིས་བརྩམས་གྲུབ་གནང་པའི་གསུང་རྩོམ་ལ་ཀུན་མཁྱེན་སྐུ་ཕྲེང་ལྔ་པའི་རྣམ་ཐར་ སོགས་པོད་དྲུག་ལོངས་པ་ཙམ་ཡོད་ཀྱང་རྒྱ་དམར་པོའི་བཙན་འཛུལ་སྐབས་ཀྱི་དུས་ འགྱུར་རླུང་འཚུབ་ནང་བོར་བརླག་ཤོར་ཏེ། དེང་ཤིང་དཔར་པོད་གསུམ་ཙམ་ལས་ལྷག་མེད། དེ་ལྟར་དམ་པ་འདིས་སྐུ་ཚེ་ཧྲིལ་པོར་བསྟན་འགྲོའི་དོན་ཁོ་ནར་ཆོས་ཀྱི་དོན་རྒྱ་ ཆེར་མཛད་དེ། མཐར་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་ཕྱི་ལོ ༡༩༥༨ ལོའི་སྲིད་ངན་དུས་ཟིང་སྐབས་ཉེས་མེད་འཛིན་བཟུང་གིས་བཙོན་འོག་ནས་དགུང་གྲངས་ རེ་ལྔ་པ་ལྩགས་བྱི་ཕྱི་ལོ ༡༩༦༠ ལོའི་ཟླ་༢ ཚེས ༢༤ ཉིན་ལྡང་ལ་ཆུང་བར་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ།
སྒ་གསུང་རབ་རྒྱ་མཚོ།
ཁོང་ནི་རབ་བྱུང་བཅོ་ལྔ་མེ་ཕོ་སྤྲེལ་ཕྱི་ལོ༡༨༩༦ལོར་ མདོ་སྨད་བ་ཡན་སྟག་ཚང་སྡེ་བའི་སྒ་གཡག་རི་ཚང་གསང་སྔགས་རྙིང་མའི་ཁྱིམ་གཞིས་ ཆེན་པོ་ཞིག་ཏུ་ཡབ་སྐལ་རྡོའམ་པདྨ་བཀྲ་ཤིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ཀྱི་སྟེང་བ་ཡན་གཡུ་ཚ་དགོན་པར་ཆོས་ཞུགས་མཛད། ཕྱི་ལོ༡༩༡༤ལོར་དྷི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ་དགེ་བའི་བཤེས་གཉེན་ འཕྲིན་ལས་རྒྱ་མཚོ་ལས་གཞུང་བཀའ་པོད་ལྔར་ཐུགས་བརྩོན་དཔྱིས་ཕྱིན་པ་མཛད་ཅིང་ གསུང་རབ་རྒྱ་མཚོ་ཞེས་མཚན་གསོལ། ཕྱི་ལོ་༡༩༣༨ལོར་རབ་འབྱམས་པའི་གོ་ཐོབ་བཞེས། ཕྱི་ལོ༡༩༣༩ལོར་ཟི་ལིང་དུ་ཕེབས་ནས་མངའ་སྡེ་གཞུང་གི་བོད་སོག་ལས་ཁུངས་ཀྱི་བོད་ ཡིག་དྲུང་ཡིག་དང་། བོད་སོག་སློབ་ཆུང་གི་དགེ་རྒན་གནང་ཞིང་། རྒྱ་ཡིག་སློབ་དེབ་བོད་སྒྱུར་མཛད། དེ་བཞིན་བོད་ཡིག་བརྡ་སྤྲོད་དང་ལོ་རྒྱུས་སོགས་ཀྱི་སློབ་དེབ་རྩོམ་འབྲི་གནང་ བའི་དབུ་བཙུགས། ཕྱི་ལོ་༡༩༤༩ལོའི་ཟླ་༩ཚེས་༡༡ཉིན་ཟི་ལིང་གྲོང་ཁྱེར་དམག་དོན་དོ་དམ་ཨུ་ཡོན་ལྷན་ ཁང་གི་ལོ་ཙཱ་ཁང་དུ་ཕྱག་ལས་གནང་། ཕྱི་ལོ༡༩༥༠ལོར་མཚོ་སྔོན་མངའ་སྡེའི་རིག་གནས་སློབ་གསོའི་གཙོ་འགན་བཞེས། ཕྱི་ལོ༡༩༥༡ལོའི་ཟླ་༡ཚེས་༡༦ཉིན་བོད་ཡིག་ཚགས་པར་ཐོག < < མཚོ་སྔོན་བོད་ཡིག་གསར་འགྱུར་ > > རྩོམ་སྒྲིག་དཔར་བསྐྲུན་གནང་། སྒྲིག་སྒྱུར་གནང་བའི་བོད་ཡིག་སློབ་དེབ་བཅུ་གཉིས་པར་འདེབས་ཀྱིས་མདོ་དབུས་ ཁམས་གསུམ་དུ་འགྲེམས་སྤེལ་མཛད། ཕྱི་ལོ༡༩༥༢ལོར་མཚོ་སྔོན་བོད་སྐད་རྒྱང་སྒྲོག་གི་སྲོལ་བཏོད། ལོ་དེར་མངའ་སྡེའི་རིག་གནས་སློབ་གསོའི་འགན་གཙོ་གཞོན་པ་དང་གྲངས་ཉུང་མི་རིགས་ སློབ་གསོ་ཚན་ཁག་གི་འགན་བཞེས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་དེབ་རྩོམ་སྒྲིག་ ལོ་ཙཱ་ཞུ་དག་གཏན་འབེབས་གནང་སྟེ་དཔར་བསྐྲུན་དང་། དགེ་རྒན་གསོ་སྦྱོང་འཛིན་གྲྭ་བཙུགས། ཕྱི་ལོ་༡༩༥༣ལོར་མངའ་སྡེ་ཡོངས་སུ་སྦྲ་གུར་སློབ་གྲྭ་༡༨དང་ས་ཁང་སློབ་གྲྭ༢་ བཙུགས་ནས་མི་རིགས་སློབ་གསོའི་འཇུག་ངོགས་ཡངས་པོར་ཕྱེས། ལོ་དེར་གློག་བརྙན་སྒྱུར་སྐྲུན་ཚན་ཆུང་བཙུགས་ནས་གློག་བརྙན་བོད་སྐད་དུ་ བསྒྱུར་པའི་སྲོལ་བཏོད། ཕྱི་ལོ༡༩༥༤ལོར་མཚོ་སྔོན་མངའ་སྡེའི་སློབ་གསོའི་འགན་འཛིན་གཙོ་བོར་གདམས་ཤིང་། < < ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཟེར་བ་སོགས་ཁྲིམས་ཆེན་ལྔ་ བོད་ཡིག་ཏུ་བསྒྱུར > > རྒྱ་བོད་མིང་ཚིག་ཕྱོགས་བསྒྲིག་ཀྱི་ལོ་ཙཱའི་ལག་དེབ་ཅིག་དཔར་བསྐྲུན་མཛད། ཕྱི་ལོ་༡༩༦༠ལོར་ཁོང་དང་ཨ་ལགས་ཚེ་ཏན་ཞབས་དྲུང་། དགུ་རོང་རྒྱལ་སྲས་སོགས་ཀྱིས་ཐུགས་བརྩོན་ལ་བརྟེན་གེ་སར་རྒྱལ་པོའི་སྒྲུང་ < < ཧོར་གླིང་གཡུལ་འགྱེལ་ > > འཚོལ་སྡུད་ལེགས་སྒྲིག་དཔར་བསྐྲུན་གནང་། ཕྱི་ལོ༡༩༦༣ལོར་རྒྱ་ནག་དམར་ཤོག་འགོ་འཙོ་ < < མའོ་ཙེ་ཏུང་གི་གསུམ་རྩོམ > > ཞེས་པའི་དེབ་བཞིའི་ཡིག་སྒྱུར་གྱི་ལས་དོན་དུ་ཞུགས། དེ་རྗེས་ལོ་བཅུའི་གོད་ཆག་གམ་རྒྱ་ནག་མདར་པོའི་གཞུང་གི་རིག་གནས་གསར་བརྗེ་ཟེར་ བའི་ལས་འགུལ་ནང་བོད་མི་སྤྱི་མཚུངས་བཞིན་མནར་གཅོད་མྱངས། ཕྱི་ལོ་༡༩༧༩ལོར་རྒྱ་ནག་གི་སྲིད་ཇུས་གུ་ཡངས་ཀྱི་རྣམ་པའི་འོག་མཚོ་སྔོན་མངའ་ སྡེའི་སྲིད་གྲོས་ཀྱི་འགན་འཛིན་གཞོན་པར་བསྐོ་འཇོག་གནང་། ཕྱི་ལོ༡༩༨༠ལོར་མཚོ་སྔོན་རྒྱང་སྒྲོག་ཁང་དུ་སུམ་རྟགས་འཆད་ཁྲིད་སྒྲ་ཕབ་བྱས་ཏེ་ བཏང་། ཁོང་གི་གསུམ་རྩོམ་ནི་ < < དག་ཡིག་ཉེར་མཁོ་གཅེས་བསྡུས་ལེགས་བཤད་ཉི་མའི་འོད་ཟེར > > དེབ་གསུམ་དང་ < < སུམ་རྟགས་གཉིས་ཀྱི་ཚིག་དོན་མདོར་བསྡུས་ > > < < དག་ཡིག་དང་འབྲེལ་བར་གཞོན་ནུ་དག་ལ་ཉེ་བར་མཁོ་བའི་ཚིག་འགའ་བརྗོད་པ > > < < རྟགས་ཀྱི་འཇུག་པའི་ཚིག་དོན་མདོར་བསྡུས་དཔེར་བརྗོད་བཅས་གསལ་བར་བཀོད་པ་ཉེར་ མཁོ་ཟླ་བའི་སྣང་བ > > < < སློབ་སྐུལ་གཏམ་གྱི་བདུད་རྩིའི་ཐིག་པ > > < < གྲོང་ཁྱེར་ཁྲང་ཁྲོན་གྱི་གནས་ཚུལ་ཞུ་བའི་འཕྲིན་ཡིག > > < < ཤ་ཚའི་སྙིང་གཏམ > > སོགས་གསུམ་རྩོམ་མང་པོ་བཞུགས། ཕྱི་ལོ་༡༩༨༢ལོར་དགུང་གྲངས་བརྒྱད་ཅུ་གྱ་བདུན་སྟེང་གནའ་མཁར་ཟི་ལིང་དུ་སྐུ་ གཤེགས།
མཁས་དབང་དགེ་འདུན་ཆོས་འཕེལ།
མཁས་དབང་དགེ་འདུན་ཆོས་འཕེལ་ནི། ཡབ་རིག་འཛིན་རྣམ་རྒྱལ་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ། བོད་རབ་བྱུང་བཅོ་ལྔ་པའི་ཆུ་མོ་ཡོས་ཕྱི་ལོ་༡༩༠༣ལོའི་ཧོར་ཟླ༣ཚེས་༢༣ཉིན་མདོ་ སྨད་རེབ་གོང་ནས་འཁྲུངས་ཤིང་། དགུང་གྲངས་ཞེ་དགུ་བཞེས་པ་སྟེ། བོད་ལྕགས་ཡོས་(ཕྱི་ལོ་༡༩༥༡)ལོའི་ཟླ་༨ ཚེས་ ༡༤ ཉིན་བོད་ཀྱི་རྒྱལ་ས་ལྷ་ས་ནས་དགོངས་པ་རྫོགས། དགུང་གྲངས་བཞི་པ་ནས་ཡི་གེ་འབྲི་ཀློག་ནས་དབུ་ཚུགས་འབྲེལ་སློབ་གཉེར་གྱི་མགོ་ བརྩམས་ཤིང་། སྔ་རྗེས་སུ་གཡའ་མ་བཀྲ་ཤིས་འཁྱིལ་དང་། རྡི་ཚ་བཀྲ་ཤིས་ཆོས་ལྡིངས། བླ་བྲང་བཀྲ་ཤིས་འཁྱིལ། འབྲས་སྤུངས་སྒོ་མང་བཅས་ནས་གཞུང་ཆེན་ཁག་ལ་ཐུགས་གཉེར་རྡོ་རུས་ཐུག་པ་གནང་སྟེ། རིག་པའི་གནས་མཐའ་དག་ལ་མཁས་པའི་རྒྱལ་ཐབས་བདག་གིར་མཛད་ཅིང་། སྙན་པའི་གྲགས་པ་བོད་དབུས་སུ་ཆེས་ཆེར་རྒྱས་བཞིན་པའི་སྐབས་ན། འཕགས་ཡུལ་གྱི་ནང་པའི་པཎ་ཊི་ཏ་ར་ཧུལ་ཞུ་བ་ཁོང་བོད་དབུས་སུ་གནའ་དཔེ་འཚོལ་ བསྡུར་ཕེབས་པ་དེས། དགེ་ཆོས་ཀྱི་ཐུགས་རིག་དང་སྙན་པ་ཐོས་པས་ཡིད་འཕྲོག་འབྲེལ། རྒྱ་བོད་བར་ལོ་པཎ་མཁས་པ་མང་པོའི་རྒྱུ་འགྲུལ་གྱི་རྒྱུན་ཆད་ནས་ཡུན་རིང་སོང་བ་ ཐུགས་ཀྱིས་མ་བཟོད་ནས། དམ་པ་འདིར་རྒྱ་གར་དུ་ཕེབས་བཞུད་ཀྱིས་ལེགས་སྦྱར་སྦྱངས་པ་མཛད་ནས་ལོ་ཙཱ་བ་ཞིག་ གནང་རེ་དང་སྐུལ་མ་སྟབས་གཅིག་མཛད་པ་དང་། ཁོང་ལའང་ཆུང་ངུ་ནས་ནང་པའི་ཕ་ས་འཕགས་པའི་ཡུལ་དུ་ཕེབས་བཞུད་ཀྱི་འདུན་པ་ཡོད་པ་ གཉིས་གཅིག་ཏུ་བབ་འོག པཎ་ཊི་ཏ་དེ་ཉིད་ལས་ལེགས་སྦྱར་གྱི་སྐད་སྦྱོང་བའི་དབུ་འཛུགས་དང་བཅས་ཏེ། བལ་ཡུལ་བརྒྱུད་ཕྱི་ལོ་༡༩༣༤ ལོར་རྒྱ་གར་དུ་ཕེབས་ནས་ལེགས་སྦྱར་ཙམ་མ་ཡིན་པར། དབྱིན་ཡིག་དང་བཅས་པར་ཐུགས་གཉེར་མཐའ་འཁྱོངས་གནང་བའི་འབྲས་བུར། ཕྱི་ནང་དང་གནའ་དེང་གི་རིག་གནས་གང་ཅིར་གཞན་འགྲན་བྲལ་པའི་མཁྱེན་པའི་ཀློང་ བརྡོལ། ཁོང་གི་སྙན་གྲགས་འཛམ་གླིང་གི་བོད་རིག་པའི་མཁས་པའི་ཁྲོད་བརྡལ་ཁྱབ་ཀྱི་དུས་ སྐབས་ནི། ཁོང་སྐུ་གཤེགས་ནས་དུས་ཡུན་གང་འཚམ་སོང་བའི་རྗེས་ཏེ། དུས་རབས་སྔ་མའི་དུས་སྨད་དུ་འཛམ་གླིང་ཤར་ནུབ་དང་ལྷག་པར་གངས་ལྗོངས་འདིར་སྔར་ བས་སྙན་པ་རྒྱས་པ་བྱུང་ཡོད། དེ་ནི་ཁོང་གིས་མིང་དོན་མཚུངས་པའི་རྣམ་དཔྱོད་གཅིག་ཏུ་སྤུངས་གནང་པའི་གསུང་ རྩོམ་ཁག་གི་བླ་ན་མེད་པའི་རིན་ཐང་ལ་བརྟེན་ནས་བྱུང་ཡོད། དེ་ཡང་འཛམ་གླིང་ལ་ཁ་ཕྱོགས་པའི་ཁོང་གི་རྟོགས་སད་ཀྱི་བསམ་བློ་གསར་པ་དང་ལྟ་བ་ གསར་པར་ཀུན་གྱིས་གདེང་འཇོག་ཚད་མེད་ཞུས་པའི་རྨང་གཞི་བརྟན་པོ་ཞིག་གི་སྟེང་ནས་ ཡོངས་སུ་རྒྱས་ཤིང་། ད་ཕན་དགེ་ཆོས་གླེང་མཁན་མང་པོས། དུས་རབས་གསར་པའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་དང་། བློ་འབྱེད་ཀྱི་མཁན་པོ། དུས་རབས་ཉི་ཤུ་པའི་ནང་སྔོན་རབས་མཁས་པ་དང་ལོ་ཙཱ་པའི་རྣམ་དཔྱོད་ལ་སྙེགས་པ་ལ་ དགེ་འདུན་ཆོས་འཕེལ་ནི་ཕྱི་རབས་པ་ཀུན་གྱི་སྔ་ཐོག་ཏུ་བཞེངས་པ་ཞིག་ཡིན་པར་བཤད་ དང་ཤོད་ཀྱིན་པ་འདི་རེད། ཁོང་གིས་དགུང་གྲངས་བཅུ་གསུམ་གྱི་སྟེང་ནས་རྩོམ་པའི་ལས་མཛད་པ་དང་། རིམ་པས་འཆད་རྩོད་རྩོམ་གསུམ་གྱི་བགྱི་བ་རྒྱ་ཆེར་སྤེལ་ཡོད་པ་ནི་མཁས་པར་ཁས་ འཆེ་བ་དག་གི་རྩོམ་པ་དང་ཡེ་མི་མཚུངས་པ་སྟེ། གཞུང་ལུགས་ཀྱི་མཐིལ་མ་རྟོགས་པར་ཚིག་གི་ཟུར་ཙམ་ལ་འཇུས་ཏེ་ཁེངས་དྲེགས་ཀྱི་ མགོ་འཕངས་མཐོ་བ་དག་རྣམ་དཔྱོད་རྩལ་གྱིས་བཅོམ་ཞིང་། རྣམ་རིག་མཁྱེན་སྟོབས་ཀྱིས་དེང་རབས་ཚན་རིག་གི་དེ་ཉིད་ཚུན་བསྔོགས་པའི་བསྟན་ དོན་བསྡུས་པའི་གསུང་རྩོམ་ཁག་གི་རིན་ཐང་ནི་ཕལ་བས་བློས་མི་དཔོག་པའི་ཚོད་དུ་ ཡོད་པ་ཡིན་སྟབས། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་མཁས་པ་དང་ཉམས་ཞིབ་པའི་སྤྱི་ཚོགས་ནང་། ཁོང་གི་མཛད་འཕྲིན་ལ་ཞིབ་འཇུག་དང་། དགོངས་དོན་ལ་ཞིབ་འཇུག གསུང་རྩོམ་ལ་ཞིབ་འཇུག་སོགས་ཀྱིས་མཚོན་པའི་གོ་གནས་ངེས་ཅན་བཟུང་ཡོད་པ་ཙམ་མ་ ཡིན་པར། དགེ་ཆོས་ཞིབ་འཇུག་ཅེས་ཞིབ་འཇུག་རྣམ་གྲངས་ཤིག་ཏུ་ངོས་འཛིན་གྱིས་ཞིབ་འཇུག་ཞུ་ ཡུལ་དུ་བཞག་དང་འཇོག་བཞིན་པ་འདི་འདྲ་ནི་ཁོང་གི་སྐབས་སུ་བྱོན་པའི་མཁས་པའི་ ཁྲོད་ནས་སུ་གང་མ་བྱུང་ནས་འདུག་པ་ལྟ་བུ་ཆགས་ཡོད། དེ་ལྟར་ནའང་། ཤེས་རབ་ཀྱི་རྩལ་ཡོངས་སུ་མ་རྫོགས་པའི་རང་རིགས་སྐྱེ་བོ་རེ་འགས་དམ་པ་འདིའི་ གསར་གཏོད་ཀྱི་བསམ་བློ་དང་། རྣམ་དཔྱོད་དང་མཛད་འཕྲིན་གྱི་མཐིལ་མ་རྟོགས་པར་གང་གི་མཛད་སྤྱོད་ཀྱི་ཟ་ཟུར་ཙམ་ རེ་ལོག་པར་བཟུང་སྟེ། མ་རངས་པའི་ངན་སྨྲས་སྐྱོན་བརྗོད་བྱས་དང་བྱེད་བཞིན་པའང་ཡོད་མོད་ཀྱང་། དུས་རབས་ཀྱི་རྗེས་ཟིན་པའི་བསམ་བློ་གསར་པའི་འདུ་ཤེས་འཛིན་སྟངས་དང་། མཛད་སྤྱོད་རླབས་ཆེན་ལ་ཕོག་ཐུག་གཏོང་ཕོད་མཁན་ལ་ནི་སུ་གང་མ་བྱུང་ནས་འདུག འདི་ནི་དམ་པ་འདིར་སུ་གང་གིས་ཀྱང་འགྲན་དུ་མེད་པའི་མཁྱེན་རླབས་ཤིག་ཡོད་པས་ རེད། ཚུལ་འདིར་དམིགས་འབྲེལ། དམ་པ་ཁོང་གིས། རོ་དང་མཚུངས་པའི་ལུས་པོ་འདི། ག་དུས་ཤི་ཡང་མི་འགྱོད་དེ། གསེར་དང་མཚུངས་པའི་རྣམ་དཔྱོད་འདི། མཉམ་དུ་ཤི་ན་ཤིན་ཏུ་ཕངས། ཞེས་ཀྱང་གསུངས་གནང་ངོ། ཁོང་གིས་སྐུ་ཚེ་ཐུང་ངུའི་དུས་ཡུན་ནང་། < < རྒྱལ་ཁམས་རིག་པའི་སྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ > > དང་ < < བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་པོ་ > > སོགས་བོད་རང་སྐད་དུ་གསར་རྩོམ་མཛད་པ་དང་། ཕྱོགས་མཚུངས < < རྭ་མ་ནིའི་རྟོགས་བརྗོད་ > > དང་ < < བྱ་ལེན་མ་མངོན་པར་དགའ་བའི་ཟློས་གར > > < < དམ་ཚིག་སྒྲོལ་མའི་སྐོར་ > > < < ནག་པོ་སྤྱོད་པའི་གླུ་ > > ལྷོ་བརྒྱུད་པས་ནང་པའི་གསུང་རབ་ཀྱི་མཆོག་དམ་པར་བརྩི་བ < < ཆོས་སུ་ཚིགས་སུ་བཅད་པ > > སོགས་བོད་སྐད་དུ་བསྒྱུར་བ་དང་། དེ་བཞིན་འགོས་ལོའི་ < < དེབ་སྔོན་ > > དང་། < < རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ > > བོད་ཡིག་ལས་དབྱིན་སྐད་དུ་བསྒྱུར་གནང་བ་བཅས་ཀྱི་ཆ་ནས། ཁོང་ནི་ཕྱི་རབས་པའི་ཁྲོད་ནས་གནའ་རབས་ཀྱི་ལོ་པཎ་མཁས་པའི་ཐུགས་དཀྱེལ་རྫོགས་ པའི་མཁས་པ་ཞིག་ཡིན་པར་གླེང་མཁན་ཚོ་ཤིན་ཏུ་ནས་མད་པའང་ཡིན། འདི་སྟ་བུའི་རྣམ་དཔྱོད་དང་སྙན་པ་འབར་བའི་མཁས་པ་ཁོང་ནི་སྐུ་ཚེ་ཐུང་ངུ་ཞིག་ ལས་བཞུགས་མེད་ཅིང་། ཐུང་ངུ་དེ་ཡང་འཚོ་གནས་ཀྱི་དཀའ་སྡུག་སྣ་ཚོགས་ལ་གདོང་ལེན་གྱི་མུར་བཞུགས་པའི་ མཁས་པ་ཉམ་ཐག་ཅིག་ཡིན་ནའང་། ཁོང་གིས་ < < རྒྱལ་རབས་དེབ་ཐེར་དཀར་པོ་ > > ནི་ཁོང་ཉིད་བོད་མི་རིགས་དང་རྒྱལ་ཁབ་ལ་ལྷད་མེད་ལྷག་བསམ་ལྡན་པའི་དན་རྟགས་སུ་ བགྲངས་ནས་རང་ཉིད་དག་འབུལ་གང་ཡོད་གནང་ཡོད་ནའང་། མཐའ་མ་དེར། ཁོང་ལ་ཉེས་མེད་ཉེས་འཛུགས་དང་བཙོན་འཇུག་གིས་མཚོན་པའི་མནར་གཅོད་ཐེབས་འོག རྩོམ་པ་འཕྲོ་ཅན་དུ་ལུས་པའི་རྒྱལ་རབས་ཀྱི་མཇུག་བསྡུར། རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། རང་བྱུང་སྙིང་གི་དབུས་ན་གནས་པ་འདི། རང་རིགས་ཁ་བ་ཅན་གྱི་རྗེ་འབངས་ལ། རང་གི་ནུས་པས་སྲི་ཞུ་ཅུང་ཟད་བསྒྲུབས། ཞེས་དང་། ངའི་ཕ་གཞིས་འདི་ཁྱོད་ཀྱིས་ཉར་དགོས། ཞེས་སྐབས་དེའི་གཞུང་འཛིན་པ་ཁག་ཅིག་ནས་ཕྱིར་སྩོལ་གནང་བའི་གསུང་རྩོམ་ཁག་རང་ གི་བུ་སློབ་དད་དམ་དང་ལྡན་པ་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་ལ་ཞལ་ཆེམས་དང་བཅས་ ཞི་བར་མནལ། དེ་བས་ན་འདིར། མཁས་དབང་དགེ་ཆོས་དང་ལྷན་དུ་ཁོང་གི་གསུང་རྩོམ་ཁག་ཕྱི་རབས་པའི་མིག་རྒྱན་དམ་ པར་སྤྱི་འགྲེམས་གནང་མཁན་ཞིང་གཤེགས་ཧོར་ཁང་བསོད་ནམས་དཔལ་འབར་མཆོག་ལའང་སྟབས་ གཅིག་ཏུ་བཀའ་དྲིན་རྗེས་དྲན་ཞུའོ།
ལ་མོའི་ཡོངས་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ།
ལ་མོའི་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། ཁོང་ནི་ཕྱི་ལོ་༡༩༠༨ལོར་མདོ་སྨད་མཚོ་བྱང་མདའ་བཞིའི་སྟོང་སྐོར་སྡེ་བར་སྐུ་ འཁྲུངས། དགུང་ལོ་དྲུག་སྟེང་ཡབ་ཀྱི་གཅེན་ལྡོང་མཁན་པོ་དཔལ་ལྡན་རྒྱ་མཚོ་དང་། གཅུང་རྗེ་བཙུན་ངག་དབང་བསྟན་པའི་ཉི་མ་རྣམ་གཉིས་མདུན་འབྲི་ཀློག་བསླབས།དགུང་ ལོ་བརྒྱད་ཀྱི་སྟེང་ལ་མོ་ཞབས་དྲུང་དཀར་པོ་རྗེ་བཙུན་དགེ་འདུན་བསྟན་འཛིན་ནོར་ བུ་དཔལ་བཟང་བོས་ཁོང་གི་ཡོངས་འཛིན་མཁས་གྲུབ་དམ་པ་བློ་བཟང་ཤེས་རབ་རྒྱ་མཚོའི་ སྤྲུལ་སྐུར་ངོས་འཛིན་གནང་། ལྡོང་མཁན་པོ་རིན་པོ་ཆེ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ བློ་བཟང་མཁས་གྲུབ་རྒྱ་མཚོ་ཞེས་གསོལ།དགེ་ལྡན་རྣམ་རྒྱལ་གླིང་གི་ཆོས་སྒོར་ ཞུགས་ནས་ཆོ་ག་ཆོས་སྤྱོད་རྒྱུད་སྡེ་མང་བོར་དགུང་ལོ་བཅོ་ལྔའི་བར་ཐུགས་གཉེར་ མཛད།དགུང་ལོ་བཅུ་དྲུག་ཐོག་གཅན་ཚའི་ལ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་ཚོགས་ ཞུགས་གནང་། དགའ་ལྡན་ལྷ་རམས་པ་བློ་བཟང་དགེ་འདུན་དང་། མཛོད་དགེའི་ཚུལ་ཁྲིམས་རིན་ཆེན་རྣམ་གཉིས་ལས་བསྡུས་གཞུང་སྣ་ཚོགས་དང་བརྡ་ སྤྲོད་རིག་པར་ཐུགས་བརྩོན་གནང་། དགུང་ལོ་བཅུ་བདུན་སྟེང་བསྟན་པའི་འབྱུང་གནས་དཔལ་ལྡན་བཀྲ་ཤིས་འཁྱིལ་གྱི་རྨད་ བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ཞུགས།སྨྲ་བའི་དབང་ཕྱུག་བསང་ཁོག་ཐབས་མཁས་རྒྱ་ མཚོ་སོགས་མཚན་ལྡན་བཤེས་གཉེན་དམ་པའི་མདུན་གཞུང་བཀའ་པོད་ལྔ་ལ་ཐུགས་བརྩོན་ དཔྱིས་ཕྱིན་པ་མཛད།ལྷག་པར་ཨ་ལགས་རིན་པོ་ཆེ་རྗེ་བླ་ཁོ་འཇིགས་མེད་འཕྲིན་ལས་ རྒྱ་མཚོ་མཆོག་གིས་དབང་ལུང་མན་ངག་གི་བདག་པོར་མངའ་གསོལ་བས་བླ་ཆེན་གྱི་གོ་འཕང་ བརྙེས།ཕྱི་ལོ་༡༩༣༥ལོར་ཁོང་གིས་མང་རའི་ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ གསར་འདེབས་མཛད།དགུང་ལོ་སོ་གཅིག་སྟེང་གཅན་ཚའི་ལ་མོ་བདེ་ཆེན་དགོན་དུ་ཚ་ཀན་ཧུ་ ཐོག་ཐུ་ལ་མོ་ཞབས་དྲུང་དཀར་པོ་སྐུ་འཕྲེང་བརྒྱད་པའི་ཡོངས་འཛིན་ཏུ་ཕེབས།དེ་ བཞིན་དད་ལྡན་མང་བོས་རེ་འདུན་ལྟར་གཅན་ཚ་ཉིན་སྲིབ་དང་། མང་འབའ་བྱ་གསུམ།མཚོ་སྔོན་པོ་གཡས་རུ་གཡོན་རུ་སོགས་མདོ་སྨད་ཀྱི་དགོན་སྡེ་ཁག་ ཏུ་ཕེབས་ནས་ཆོས་རྒྱུན་ཉམས་གསོ་བཅས་རྣམ་དཀར་གྱི་འཕྲིན་ལས་སྤེལ་ཞིང་སྔ་གཞུག་ ཏུ་ཤེལ་ལུང་བཞུགས་ཁྲི་དང་། ཚོགས་དབང་གོང་ཁ། མཚོ་བྱང་། འབའ་རྫོང་། ཀླུ་ཚང་དགོན་སོགས་སུ་མང་ཚོགས་ཁྲི་ཕྲག་མང་པོར་དཔལ་དུས་ཀྱི་འཁོར་ལོའི་དབང་ ཆེན་དང་བཀའ་ཆོས་གང་མང་གནང་།གསུང་རྩོམ་ < < བླ་ཁོ་རྡོ་རྗེ་འཆང་གི་རྣམ་ཐར > > སོགས་དུ་མ་བཞུགས། ཁོང་གིས་བོད་རིགས་ས་ཁུལ་གྱི་རིག་གནས་སློབ་གསོ་དང་འཕྲོད་བསྟེན་ལས་དོན། རྩོམ་རིག་སྒྱུ་རྩལ་གྱི་བྱ་བཞག་ལ་ཐུགས་ཁུར་ཟབ་བཞེས་གནང་ཞིང་། དཔལ་འབྱོར་གྱི་མཐུན་རྐྱེན་མི་དམན་པ་འབུལ་གནང་མཛད། རྒྱལ་བསྟན་ཡང་དར་སྐབས་མདོ་སྨད་བསྟན་པའི་བདག་པོ་ཉག་གཅིག་ཏུ་གྱུར་པའི་རླབས་ ཆེན་མཛད་འཕྲིན་རྒྱས་མུར་ཕྱི་ལོ་༢༠༠༤ལོར་དགུང་གྲངས་དགུ་བཅུ་གོ་བདུན་སྟེང་ སྐུ་གཤེགས།
མཁས་དབང་ཚེ་ཏན་ཞབས་དྲུང་།
བཅུ་ཕྲག་རིག་གནས་ལ་མཁྱེན་རྒྱ་ཆེ་བའི་མཁས་དབང་ཚེ་ཏན་ ཞབས་དྲུང་ངམ་རྗེ་འཇིགས་མེད་རིག་པའི་བློ་གྲོས་མཆོག་ནི། མདོ་སྨད་ཡུལ་གྱི་མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཤུན་ཧྭ་རྫོང་གི་རྒྱ་ནག་མཁར་ མོ་ཆེ་ཡ་རྫི་ཞེས་པའི་ས་ཆར་ཡབ་གཡང་ཙེའམ་བློ་བཟང་བཀྲ་ཤིས་དང་། ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་ཕྱི་ལོ ༡༩༡༠ ལོའི་ཟླ ༤་ཚེས་༢༢ཉིན་སྐུ་འཁྲུངས། དམ་པ་འདིའི་རིགས་རུས་ཀྱི་ཆ་ནས་བོད་རྒྱ་གཉིས་ཀྱི་རིགས་རུས་འདྲེས་མ་ཅན་ཞིག་ ཡིན་པ་ཁོང་གི་རང་རྣམ་དུ་གསལ། གང་ལྟར་དམ་པ་འདི་དགུང་ལོ་གསུམ་ལ་སོན་པ་ན་ཞ་དམར་པཎ་ཌི་ཏས་བརྟག་གཟིགས་ཀྱིས་ ཚེ་ཏན་ཞབས་དྲུང་གི་ཡང་སྤྲུལ་དུ་ངོས་འཛིན་གནང་སྟེ་མཚན་ལ་བློ་བཟང་ཆོས་འཕེལ་ ཞེས་གསོལ་ཅིང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ངག་དབང་ཆོས་འཛིན་གྱི་དྲུང་ནས་ཡི་གེ་འབྲི་ ཀློག་ལ་སྦྱངས། དེ་ནས་དགུང་ལོ་བདུན་བཞེས་པ་མེ་འབྲུག་ཕྱི་ལོ ༡༩༡༦ ལོར་རྗེ་གསར་རིའི་མ་ཎི་པཎ་ཌི་ཏ་སྐུ་ཕྲེང་ལྔ་པ་དགེ་འདུན་བསྟན་འཛིན་རྒྱ་མཚན་ གྱི་སྐུ་མདུན་ནས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ་བཅས་ཀྱི་སྡོམ་པ་དུས་གཅིག་ཏུ་བཞེས་ཏེ། མཚན་ལ་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ཞེས་གསོལ། དགུང་ལོ་དགུར་སོན་པ་ན་མཐུ་བ་དགོན་དུ་དགེ་བའི་གཤེས་གཉེན་བློ་བཟང་ཟླ་བའི་ མདུན་རྒྱུན་བཅར་གྱིས་འདོན་ཆོག་ཆོས་སྤྱོད་སོགས་སྦྱངས་ཞོར་རྒྱན་འཇུག་གཉིས་ ཐུགས་འཛིན་མཛད། དེ་ནས་རྗེ་ངག་དབང་ཆོས་འཛིན་གྱི་དྲུང་ནས་ཁ་དོག་དཀར་དམར་ནས་བཟུང་ཚད་མའི་གཞུང་ ལ་སྦྱངས་པའི་དབུ་ཚུགས། ཡོངས་འཛིན་བློ་བཟང་དཔལ་ལྡན་གྱི་མདུན་ནས་སྙན་ངག་དང་། ལྷག་པར་མདོ་སྔགས་གཞུང་ཆེན་ཁག་ལ་གསན་བསམ་མཛད་བཞིན་པར། གསང་ཆེན་སྔགས་ཕྱོགས་ཀྱི་རྒྱུད་སྡེ་མང་པོའི་དབང་ལུང་བཀའ་ཁྲིད་ཀྱང་ཐོབ། དེ་ནས་དགུང་ལོ་ཉི་ཤུ་པ་རབ་བྱུང་བཅུ་དྲུག་པའི་ས་སྦྲུལ་ཕྱི་ལོ ༡༩༢༩ ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་མདུན་ནས་དགེ་སློང་གི་སྡོམ་པ་བཞེས་ཏེ། མཚན་འཇིགས་མེད་རིག་པའི་བློ་གྲོས་ཞེས་གསོལ། དགུང་ལོ་ཉེར་ལྔའི་སྟེང་ཉིད་ཀྱི་བཤེས་གཉེས་དམ་པའི་གསུང་པོད་རྣམས་དཔར་བརྐོ་ བྱེད་པར་དམིགས་ཏེ་མཐུ་བ་དགོན་དུ་པར་བརྐོའི་གྲྭ་ཚང་གསར་དུ་བཙུགས། དགུང་ལོ་སོ་བརྒྱད་ནས་བླ་མ་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་སོགས་བཤད་ཁྲིད་ གནང་མགོ་ཚུགས་ཤིང་། ཆོས་སྒོར་ཞུགས་མཁན་རྣམས་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་བསྩལ་གནང་། དེ་ནས་རབ་བྱུང་བཅུ་དྲུག་པའི་ཆུ་སྤྲུལ་ཕྱི་ལོ་ ༡༩༤༢ ལོར་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུར་ཁང་གི་འགན་བཞེས་ཤིང་སྒྱུར་རྩོམ་གྱི་ལས་ལ་ ཞུགས་ཞོར། མཚོ་སྔོན་ཞིང་ཆེན་མི་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་གི་དབུ་འཛིན་གཞོན་ པའི་འགན་བཞེས། དགུང་ལོ་ཞེ་དགུ་ནས་ང་བཞི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ གནང་ཞོར་གེ་སར་སྒྲུང་པར་འགོད་རྩོམ་སྒྲིག་གི་ཞུས་དག་དང་། རྒྱ་ནག་པེ་ཅིན་དུ་མི་རིགས་དཔེ་སྐྲུན་ཁང་ལ་གལ་ཆེའི་ཡིག་ཆ་སྒྱུར་རྩོམ་དང་ཞུས་ དག་གཏོང་བའི་རོགས་འདེགས་མཛད། དེ་ནས་དགུང་ལོ་ང་དྲུག་པ་ཤིང་སྦྲུལ་ཕྱི་ལོ ༡༩༦༥ ལོའི་ལོ་མཇུག་ཙམ་དུ་རིག་གསར་ལས་འགུལ་ནང་ཉེས་མེད་ཉེས་འདོག་གིས་བཙོན་དུ་ཚུད། དེ་ནས་ས་རྟ་ཕྱི་ལོ ༡༩༧༨ ལོར་བཙོན་གྲོལ་ཐོབ་པ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རེ་སྐུལ་བཞིན་དེ་རུ་ཕེབས་ཏེ་སློབ་མ་ རྣམས་ལ་བོད་ཀྱི་རིག་གནས་ཟབ་ཁྲིད་གནང་བ་སོགས་དམ་པ་འདིའི་སྐུ་ཚེ་ཧྲིལ་བོ་བོད་ ཀྱི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་བསྟིམས་ཤིང་། ཁོང་གིས་སྔ་རྗེས་སུ་བསྐྱངས་པའི་སློབ་མ་གྲངས་ལས་འདས་ཤིང་། བོད་ཀྱི་རིག་གཞུང་ཐད་བྱས་རྗེས་ཆེ་བའང་མང་དུ་བྱུང་ཡོད། ལྷག་པར་ཁོང་གི་གསུང་རྩོམ་ལ་རྣམ་ཐར་སྐོར་དང་། ལོ་རྒྱུས་སྐོར། སྙན་ངག་སྐོར། ཆོས་ཀྱི་སྐོར། སྐར་རྩིས་སྐོར། བསླབ་བྱའི་སྐོར་སོགས་དང་། ལཛྙ་ལྦརྟུ་སོགས་ཀྱི་ཡིག་གཟུགས་མ་ཕྱི་བཅས་ལྗགས་རྩོམ་ལེ་ཚན་ལྔ་བཅུ་ལྷག་ཙམ་ ཡོད་པ་དག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱོགས་བསྒྲིགས་པར་སྐྲུན་བགྱིས་ ཏེ། གསུང་པོད་ལྔ་བཞུགས་ཡོད་པ་བཅས་ཁོང་གིས་བོད་མི་རིགས་ལ་མཛད་རྗེས་མཆོག་ཏུ་ཆེ་བ་ བཞག་མཐར། རབ་བྱུང་བཅུ་དྲུག་པའི་ཤིང་གླང་ཕྱི་ལོ ༡༩༨༥ ལོའི་ཟླ་ ༦ ཚེས ༣༠ ཉིན་དགོངས་པ་རྫོགས་སོ།
མཁས་དབང་དམུ་དགེ་བསམ་གཏན།
བོད་ཀྱི་རིག་གནས་སྤྱི་ལ་མཁྱེན་རྒྱ་ཆེ་བའི་མཁས་དབང་ དམུ་དགེ་བསམ་གཏན་རྒྱ་མཚོ་མཆོག་ནི་དེང་གི་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་གི་ ཁོངས་གཏོགས་དམུ་དགེ་ཞེས་པའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེ་དེ་རུ། གྱོང་སྨད་ཚང་(གྲོང་སྨད་ཚང་)ཟེར་བའི་མི་ཚང་གསུམ་ཡོད་པའི་ཡ་གྱལ་གྱོང་སྨད་ འཁོར་ལོ་ཚང་དུ་ཡབ་བསོད་དར་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ ཤིང་ཕོ་སྟག་ཕྱི་ལོ་༡༩༡༤ལོར་སྐུ་འཁྲུངས། དགུང་ན་ཆུང་དུས་ནས་ཐལ་དགེ་བཤེས་རྗེ་བློ་བཟང་ཆོས་ལྡན་དཔལ་བཟང་པོའི་དྲུང་ནས་ ཡི་གེ་འབྲི་ཀློག་གི་དབུ་ཚུགས་ཤིང་། ཞང་པོ་བདེ་ཆེན་དང་ཡབ་ཀྱི་དྲུང་ནས་སྐྱབས་འགྲོ་ནས་བཟུང་འདོན་ཆོག་ཆོས་སྤྱོད་ ཁག་ལ་སྦྱངས། དགུང་ལོ་བཅུ་གཅིག་སོན་པ་ན་བདེ་ཆེན་ཁྲི་རྒན་བློ་བཟང་བསྟན་པའི་ཉི་མའི་དྲུང་ ནས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། མཚན་ལ་བློ་བཟང་བསམ་གཏན་གསོལ། དེ་ནས་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་ཚོགས་ཞུགས་མཛད་དེ། དགེ་བཤེས་རྗེ་དཀོན་མཆོག་དགེ་འདུན་ཞུ་བ་བསྟེན་ནས་སློབ་གཉེར་གནང་། ཨ་ཁུ་བློ་བཟང་བཀྲ་ཤིས་ཞུ་བའི་མདུན་ནས་དབུ་ཅན་དབུ་མེད་ཀྱི་ཡིག་གཟུགས་དང་དག་ ཡིག་བཅས་ལ་སྦྱངས། དགུང་ལོ་བཅུ་དགུའི་ཐོིག་གཞུང་ལུགས་རྒྱུགས་སྤྲོད་མཛད་ཅིང་འཛིན་གྲྭའི་སྐྱོར་ དཔོན་དུ་བསྐོས། དེའི་ཕྱི་ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭར་ ཞུགས་ཤིང་། དེ་རུ་མཁས་པའི་དབང་པོ་རྗེ་དཀོན་མཆོག་བསམ་གྲུབ་ཞུ་བ་ཡོངས་འཛིན་དུ་བསྟེན་ནས་ གཞུང་ཆེན་ཁག་ལ་ཐོས་བསམ་སྦྱངས་གཉེར་ཚུལ་བཞིན་མཛད་པས། རིང་པོར་མ་སོང་པར་མཁས་པའི་རྒྱལ་ཐབས་བདག་གིར་བཞེས་ཤིང་། དམུ་དགེ་བསམ་གཏན་ཞེས་ཡོངས་སུ་གྲགས་པ་བྱུང་། དགུང་ལོ་ཉེར་དགུའི་སྟེང་བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ མདུན་ནས་བསྙེན་པར་རྫོགས། རྗེཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་མཆོག་གི་མདུན་ནས་སུམ་རྟགས་དང་དབྱངས་ཅན་ སྒྲཊཱིཀ་སོགས་རྫོགས་པ་གསན། དགུང་ལོ་སོ་གཉིས་སྟེང་ཨ་མཆོག་རྒྱུད་པ་གྲྭ་ཚང་དུ་ཨ་ཁུ་འཇམ་དབྱངས་རྔ་ཕྲུག་ཞུ་ བའི་མདུན་ནས་རྒྱ་རྩིས་ཀྱི་རི་མོ་ཆ་ཚང་སྦྱངས། དེ་རྗེས་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་རྗེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་པ་ མཆོག་གིས་བཙུགས་གནང་པའི་གྲྭ་ཆུང་གི་སློབ་གྲྭའི་དགེ་རྒན་དུ་བསྐོ་བཞག་གནང་། དེས་རྗེས་དམ་པ་འདིས་རྡོ་རམས་དམ་བཅའ་བཞག་ནས་ལོ་གཉིས་ལྷག་འགོར་མཚམས་བོད་སྤྱི་ ཡོངས་བཞིན་བླ་བྲང་རྒྱུད་དུའང་བཅིངས་འགྲོལ་ཞེས་པའི་རྒྱ་ནག་གི་ངན་ཇུས་དེ་ སླེབས་པས། ཁོང་ཕེབས་སྐྱེལ་རྫོང་བ་དང་བཅས་བླ་བྲང་ནས་རྡོག་ཐོན་གྱིས་རྒྱ་ནང་ཀ་ཅི་ཞེས་པར་ ཕེབས་དགོས་བྱུང་། དགུང་ལོ་སོ་བདུན་པ་ལྕགས་སྟག་ཕྱི་ལོ ༡༩༥༠ ལོར་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་ཤིན་ཅང་གི་དཔོན་འགའ་དང་མཉམ་དུ་རྒྱ་ནག་པེ་ ཅིན་དུ་ཕེབས། དེ་རུ་དམ་པ་འདིའི་མཁྱེན་དཔྱོད་དང་བསྟུན་ཆེ་མཐོང་སྤྲད་དེ(མི་དམངས་བརྙན་པར )ཞེས་པ་སོགས་བསྒྱུར་ཞུས་ཀྱི་ཕྱག་ལས་གནང་། དེ་རྗེས་ལྕགས་ཡོས་ཀྱི་ཕྱི་ལོ ༡༩༥༡་ལོར་ང་ཕོད་སོགས་བོད་ཞི་བའི་བཅིངས་འགྲོལ་གཏོང་རྒྱུའི་གྲོས་མཐུན་འཇོག་ པར་པེ་ཅིན་དུ་ཕེབས་སྐབས་ཁོང་ཡང་གྲོས་མཐུན་གྱི་བྱ་བའི་ནང་ཞུགས། ཀུན་མཁྱེན་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གིས་ཕེབས་ཞུས་ བཞིན། དགུང་ལོ་བཞི་བཅུ་བཞེས་པ་ཆུ་སྤྲུལ་ཕྱི་ལོ་༡༩༥༣ ལོར་ཕྱིར་ཕ་ཡུལ་དུ་ཕེབས་ནས་དམུ་དགེ་བཀྲ་ཤིས་འཁོར་ལོ་དགོན་དུ་བཞུགས་ནས་མཚན་ ཉིད་ཀྱི་དགེ་རྒན་གནང་། དགུང་ལོ་ཞི་གཉིས་བཞེས་པ་ཤིང་མོ་ལུག་ཕྱི་ལོ༡༩༥༥ ལོར་ལྷ་རྒྱལ་གླིང་གི་གདན་ཞུས་ལྟར་ཕེབས་ཏེ། དེ་རུ་འགན་འཛིན་གཞོན་པ་དང་། མིང་ཀྱང་གསར་འགྱུར་ཁང་གི་བོད་ཡིག་གསར་འགྱུར་གྱི་རྩོམ་སྒྲིག་པའི་འགན་གནང་། དགུང་ལོ་ཞེ་ལྔ་བཞེས་ཐོག་འབར་ཁམས་སུ་གནས་སྤོར་མཛད། དེ་རྗེས་དགུང་ལོ་ཞེ་དྲུག་པ་ས་ཕག་ཕྱི་ལོ༡༩༥༩ལོར་རྐྱེན་ངན་དང་བར་ཆད་ཀྱི་དབང་ གིས་སྐྱ་ཆས་མནབ་ཅིང་། པེ་ཅིན་དུ་ཕེབས་ཏེ་ཟླ་ཤས་རིང་ཨ་ལགས་ཚེ་ཏན་ཞབས་དྲུང་དང་ལྷན་བཞུགས་ཀྱིས་བོད་ རྒྱ་ཚིག་མཛོད་ཆེན་མོ་སོགས་བསྒྱུར་ཞུས་མཛད། དེས་རྗེས་དགུང་ལོ་ང་གསུམ་པ་མེ་རྟ་ཕྱི་ལོ་༡༩༦༦ལོར་རིག་གསར་གྱི་ལས་འགུལ་དྲག་ པོ་ལངས་ཏེ། དམ་པ་ཁོང་ལའང་ཉེས་མེད་ཉེས་གཡོགས་ཀྱིས་ཁྲོམ་སྐོར་དུ་བཙན་འཁྲིད་ཀྱིས་འཐབ་ རྩོད་བྱས་ཤིང་། སྔོན་ཐོན་ངལ་རྩོལ་བྱེད་ཤིང་། སྔོན་ཐོན་ངལ་རྩོལ་བྱེད་དུ་བཅུག་པ་སོགས་སྐུ་ངལ་ཚད་མེད་མྱངས། དེ་ནས་དགུང་ལོ་ང་བཞི་པ་མེ་ལུག་ཕྱི་ལོ་༡༩༦༧ ལོར་འབར་ཁམས་སུ་ཕེབས་ནས་ངལ་རྩོལ་གྱི་ཞོར་དུ་སློབ་སྦྱོང་གནང་བཞིན་བཞུགས། སྲིད་ཇུས་ཅུང་ལྷོད་ཡངས་སུ་སོང་རྗེས། ཤིང་ཡོས་ཕྱི་ལོ་༡༩༧༥ལོར་རྒྱ་ནག་ཁྲིན་ཏུ་རུ་བོད་རྒྱ་ཚིག་མཛོད་ཆེན་མོ་རྩོམ་ སྒྲིག་གི་གཞི་བཏིང་། དེ་རྗེས་མེ་སྦྲུལ་ཕྱི་ལོ ༡༩༧༧ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་སྐབས་བཞི་པའི་རྒྱུན་ལས་ཨུ་ཡོན་དུ་བདམས། ལྕགས་སྤྲེལ་ཕྱི་ལོ ༡༩༨༠ ལོར་མའོ་ཙེ་ཏུང་གསུང་རྩོམ་འཛིན་གྲྭ་ཟེར་བ་བཙུགས་པ་དེས་བོད་ཡིག་བཅོས་བསྒྱུར་ གྱིས་བོད་ཀྱི་བརྡ་སྤྲོད་པའི་གཞུང་གཏོར་བརླག་བཏང་བས། ཁོང་གིས་ཡིག་ཆ་དེ་དག་ལ་ཁ་གཏད་བཀག་འགོག་གིས་དགག་ལན་མཐའ་དཔྱོད་མཛད་དེ་ཕན་ནུས་ ངེས་ཅན་ཐོབ་པའི་ཕྱག་རྗེས་བཞག དེ་ནས་དགུང་ལོ་རེ་དགུ་པ་ཆུ་ཁྱི་ལོ་ ༡༩༨༢ ལོའི་ཟླ་བདུན་པར་ལྷ་ས་སྨན་རྩིས་ཁང་གིས་གདན་ཞུས་བཞིན་ཕེབས་ཏེ་གནམ་རིག་སྐར་ རྩིས་ཀྱི་ཚོགས་འདུར་ཞུགས་ཤིང་། གནམ་རིག་སྐར་རྩིས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པར་འདམས་ཐོན་བྱུང་། སྐབས་དེར་ལྷ་ས་ཁུལ་གྱི་གནས་ཆེན་སེ་འབྲས་དགེ་གསུམ་དང་། བཀྲ་ཤིས་ལྷུན་པོ་སོགས་ལ་གནས་སྐོར་མཛད། དེ་ནས་ལོ་དེའི་ཟླ་ལྔ་པའི་ནང་ཆོས་ལུགས་མི་སྣ་གཙོ་གྲས་དྲུག་ཅུ་ལྷག་དང་ལྷན་ རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་རྣམས་ལ་གཟིགས་སྐོར་དུ་ཕེབས། དགུང་གྲངས་བདུན་བཅུ་པ་ཆུ་ཕག་ཕྱི་ལོ ༡༩༨༣ ལོར་པེ་ཅིན་དུ་ཕེབས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་གནའ་ཡིག་ཟབ་ སྦྱོང་འཛིན་གྲྭར་སྙན་ངག་ཡང་གསལ་སྣང་མཛོད་ཅེས་པ་སློབ་ཁྲིད་གནང་། དེ་ནས་མདོ་སྨད་ཀྱི་ཡུལ་གྲུ་གང་སར་ཕེབས་ཏེ། ལོ་ངོ་བཅུའི་རིང་སྐྱེ་བོ་མང་པོར་བཀའ་ཆོས་གསུངས་པ་དང་། དེ་མཚུངས་ཤེས་རིག་བསྟི་གནས་ཁག་ཏུ་བོད་ཀྱི་རིག་གནས་སོགས་སློབ་ཁྲིད་ཀྱི་བཀའ་ དྲིན་བསྐྱངས་པས། བོད་རིང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་གོ་རྟོགས་རྒྱུས་མངའ་ཟབ་པའི་རྗེས་ འཇུག་ཕུལ་བྱུང་སློབ་མ་མང་པོ་གསོ་སྐྱོང་གནང་ཡོད། མ་ཟད་ཁོང་གིས་བོད་ཀྱི་རིག་གནས་སྤྱིའི་ཐད་ནས་བརྩམས་ཆོས་རིགས་མང་དུ་མཛད་ཡོད་ པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཕྱོགས་སྒྲིག་དཔར་སྐྲུན་མཛད་དེ་པོ་ དྲུག་བཞུགས་པ་བཅས་དམ་པ་འདིས་རང་མི་རིགས་ལ་འདི་ལྟའི་མཛད་པ་རླབས་ཆེ་བཞག་མཐར། དགུང་གྲངས་བརྒྱད་ཅུ་པ་ཆུ་བྱ་ཕྱི་ལོ ༡༩༩༣ལོར་སྐུ་གཤེགས་པ་བཅས་ངོ་སྤྲོད་ཉུང་བསྡུས་ཙམ་མོ།
ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།
རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ནི། བོད་རབ་བྱུང་བཅོ་ལྔ་པའི་ཆུ་ཕོ་ཁྱི་ཕྱི་ལོ་༡༩༢༢ལོར་མདོ་སྨད་དཔའ་ལུང་རྫོང་ ཁོངས་གུང་ཡེ་དགོན་ཚར་ཞེས་པའི་གྲོང་ཚོར་ཡབ་གཟུངས་ཐར་དང་ཡུམ་འཚོ་སྐྱིད་གཉིས་ ཀྱི་སྲས་སུ་སྐུ་འཁྲུངས། དམ་པ་འདི་ཡུམ་གྱི་ལྷམས་སུ་ཞུགས་པ་ནས་ཁ་གྱ་འཇམ་དབྱངས་དཔལ་ལྡན་མཆོག་གིས་ཤར་ གདོང་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་མཛད། སྐུ་འཁྲུངས་མ་ཐག་ནས་ཀུན་གྱིས་ཆེ་མཐོང་གིས་དགུང་ལོ་བདུན་ལ་སོན་པ་ན། གྲོང་སྡེའི་ཉེ་འདབས་ཀྱི་བྱ་ཁྱུང་དགོན་དུ་གདན་ཞུས་མཛད་ཅིང་། རྗེ་བེ་སི་རིན་པོ་ཆེ་བློ་བཟང་བསྟན་པ་རྒྱ་མཚོའི་དྲུང་ནས་རབ་བྱུང་སྒྲུབ་སྟེ། མཚན་ལ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་གསོལ། དེ་ནས་སན་ཁྲོན་ཨ་ལགས་ཡཱང་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་སྐྱེས་ཆེན་དམ་ པ་མང་པོ་བསྟེན་ནས་ཡི་གེ་འབྲི་ཀློག་སྦྱོར་གསུམ་གྱི་རིམ་པ་ནས། སུམ་རྟགས་དག་གསུམ་དང་། སྒྲ་རྩིས་སྙན་ངག་སོགས་ཐུན་མོང་གི་རིག་གནས་ལ་སྦྱངས་པ་མཐར་ཕྱིན་པ་མཛད། དེ་མིན་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་དང་། མཁས་དབང་ཚེ་ཏན་ཞབས་དྲུང་རྣམ་གཉིས་ཀྱི་དྲུང་ནས་མདོ་སྔགས་ཀྱི་གཞུང་ལ་གསན་བསམ་ སྦྱངས་པ་ཚུལ་བཞིན་མཛད་ཅིང་། འཛིན་གྲྭ་རིམ་བརྒྱུད་ཀྱིས་མཐའ་འཁྱོལ་བར་མཛད་དེ་བཀའ་བཅུ་རབ་འབྱམས་པའི་མཚན་ རྟགས་བཞེས། དེ་མུར་བླ་ཁོ་རིན་པོ་ཆེ་དང་། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་དམ་པ་མང་པོའི་མདུན་ནས་བཤད་ཁྲིད་དབང་ ལུང་མན་ངག་བཅས་ལ་གསན་བསམ་མཛད་ཅིང་མཁས་པའི་གྲགས་པ་རྒྱས། དེ་རྗེས་བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་སྦྲུལ་ཕྱི་ལོ ༡༩༦༥ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་དུ་གདན་ཞུས་ལྟར། དེ་གར་ཕེབས་ཏེ་སློབ་མ་རྣམས་ཀྱི་བློ་དང་འཚམས་པར། བོད་ཀྱི་བརྡ་སྤྲོད་དང་རྩོམ་རིག་སོགས་སློབ་ཁྲིད་མཛད་ཅིང་། ཞོར་དུ་སློབ་གཞི་འགའ་ཡང་རྩོམ་སྒྲིག་མཛད། བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་ཕྱི་ལོ་༡༩༥༨ ལོར་མ་ཉེས་ཁ་གཡོགས་གིས་དམ་པ་ཁོང་བཙོན་དུ་བཅུག་སྟེ། ལོ་ངོ་ཉི་ཤུའི་རིང་སྐུ་ངལ་འོ་བརྒྱལ་ཚད་མེད་མྱངས་དགོས་བྱུང་། དེ་ཕྱིས་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་གླང་ཕྱི་ལོ ༡༩༧༩ལོར་བཙོན་གྲོལ་ཐོབ་སྟེ། སླར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་ གི་དགེ་རྒན་གནང་སྟེ། སྔ་ཕྱིར་སློབ་ཆེན་སློབ་མ་རྣམས་དང་། ཞིབ་འཇུག་སློབ་མ། དགེ་རྒན་སོགས་ལ་ནང་དོན་རིག་པ་དང་། ཚད་མ་རིག་པ། གནའ་རབས་རྩོམ་རིག་སོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཁག་འཆད་ཁྲིད་ཀྱི་ཕྱག་ རྗེས་བླ་མེད་བཞག བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང་ཕྱི་ལོ་ ༡༩༨༥ལོར་དམ་པ་ཁོང་ལས་འཁྱུར་ངལ་གསོ་བྱས་ཟིན་ནའང་། བོད་ཀྱི་རིག་གནས་སྦྱོང་གཉེར་གྱི་སློབ་གྲྭ་ཆེན་མོ་ཁག་གིས་གདན་ཞུས་ལྟར་ཕེབས་ ཏེ། སློབ་ཁྲིད་གནང་བ་སོགས་དམ་པ་འདིས་སྐུ་ཚེ་གང་པོ་བོད་མི་རིགས་ཀྱི་རིག་གནས་ལས་ དོན་ཆེད་ཕུལ་ཅིང་། ཁོང་གིས་གསོ་སྐྱོང་སྐྱེད་སྲིང་གནང་བའི་ཕུལ་བྱུང་སློབ་མའང་མང་པོ་ཐོན་ཏེ། བོད་སྤྱི་ཚོགས་ལས་རིགས་ཁག་ཏུ་བླ་མེད་ཀྱི་ལག་སྐྱེས་ཕུལ་དང་འབུལ་བཞིན་པ་ཡང་ དམ་པ་ཁོང་གི་ཕྱག་རྗེས་ཉག་གཅིག་ཡིན། ཕྱི་ལོ ༡༩༨༧ ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་མངགས་བཞིན་བོད་བརྒྱུད་ནང་བསྟན་སློབ་ གླིང་གི་དགེ་རྒན་མཛད་དེ། གྲུབ་མཐའ་རིས་མེད་ཀྱི་བླ་སྤྲུལ་མང་པོར་བྱང་ཆུབ་ལམ་རིམ་ཆེན་མོ་གཙོས་གཞུང་ ཆེན་དུ་མའི་ཟབ་ཁྲིད་གནང་བ་དང་། ཞོར་དུ་རྒྱ་བོད་ཀྱི་ནང་པའི་དགོན་སྡེ་མང་པོར་ཕེབས་ཏེ་དད་ལྡན་སྐྱ་སེར་མང་པོ་ ཆོས་ཀྱི་ཚིམ་པར་མཛད། ལྷག་པར་རྗེས་འདི་ཉིད་ཀྱིས་ལེགས་བཤད་ལྗགས་རྩོམ་མི་ཉུང་པ་ཞིག་བརྩམས་གནང་ཡོད་ མོད། འོན་ཀྱང་ཕལ་ཆེ་བ་ཞིག་དུས་ཀྱི་འགྱུར་ལྡོག་གི་དབང་གིས་མེད་བརླག་ཏུ་གྱུར། ཡིན་ནའང་ཕྱིས་ཀྱི་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ཁོང་གིས་བརྩམས་གྲུབ་གནང་པ་དང་། འཆད་ཁྲིད་གནང་སྐབས་དཔྱོད་ལྡན་སློབ་བུ་རྣམས་ཀྱིས་ཟིན་བྲིས་སུ་བཏབ་པ་རྣམས་ ཕྱོགས་བསྒྲིགས་ཀྱིས། གསུང་རྩོམ་པོད་གསུམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་ཡོད་ པ་དེ་དག་གིས་བོད་ཀྱི་རིག་གཞུང་ཐད་ཕན་འབྲས་བླ་མེད་ཐོན་བཞིན་ཡོད།
རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ།
ཁོང་ནི་བོད་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་ཕྱི་ལོ་༡༩༢༣ལོར་ མདོ་སྨད་ཐེ་བོར་སྐུ་འཁྲུངས། དགུང་ལོ་བཅུ་གཅིག་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཀྱཻ་རྡོར་གྲྭ་ཚང་གི་ཆོས་ སྒོར་ཞུགས། དགུང་ལོ་བཅུ་དགུ་བར་དབུས་སུ་ཕེབས་ནས་འབྲས་སྒོ་མང་གྲྭ་ཚང་དུ་དབུ་མ་བར་ཐོས་ བསམ་རྣལ་མ་བྱས། དགུང་ལོ་སོ་གཅིག་པར་སླར་མདོ་སྨད་དུ་ཕེབས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོངས་ འཛིན་བསང་ཁོག་འཇིགས་མེད་སོགས་དམ་པ་མང་པོ་བརྟེན་ནས་མདོ་སྔགས་རིག་གནས་དང་བཅས་ པར་ཟབ་སྦྱོང་གནང་སྟེ་མཁས་པའི་གོ་འཕངས་ཐོབ། ཕྱི་ལོ་༡༩༥༨ལོར་རྒྱ་གཞུང་གིས་བོད་ཀྱི་དགོན་སྡེ་ཡོངས་རྫོགས་གཏོར་བཅོམ་རྨེག་ མེད་བཏང་དུས་གྲོང་གསེབ་ཏུ་བཞུགས་ཤིང་བོད་ཀྱི་སྐར་རྩིས་རིག་པའི་སྐོར་ལ་ཐུགས་ ཞིབ་ཀྱིས་ས་གཤིས་རི་མོ་རྩིས་སུ་སྦྱར་ནས་གསར་བཏོད་གནང་། ཕྱིས་སུ་གློག་རྩིས་དར་ཁྱབ་བྱུང་བས་སྐར་རྩིས་གློག་རྩིས་ཀྱི་ལམ་ནས་བཀོལ་ སྤྱོད་བྱེད་ཐུབ་པའི་རིག་པ་གསར་བཏོད་མཛད། གཞན་ཁོང་གི་གསུང་རྩོམ་གྱི་སྐོར་ལ་ < < སྐར་རྩིས་ཀུན་བཏུས་ནོར་བུ་ > > དེབ་གཉིས < < འཇམ་དབྱངས་དགྱེས་པའི་མཆོད་སྤྲིན > > < < རྩིས་ཀྱི་རྣམ་གྲངས > > < < རྩིས་ཀྱི་ལོ་རྒྱུས > > < < འགྲེལ་རྐང་བརྒྱ་ཅན་བརྒྱད་ཀྱི་འགྲེལ་བ > > < < བདེན་བཞིའི་རྣམ་གཞག > > སོགས་ཡོད། ཁོང་ནི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐྱེས་མཆོག་ཅིག་ ཡིན་ལ། སྐུ་ཚེ་གང་བོར་སྒོམ་ཉམས་ལེན་དང་དབེན་པར་བཞུགས་རྒྱུར་མཉེས་པོ་གནང་མཁན་གྱི་ བྱ་བྲལ་བ་ཞིག་ཀྱང་ཡིན། ཁོང་གིས་ལོ་ངོ་བཅུ་གཉིས་ལྷག་ལ་ནུབ་བྱང་མི་རིགས་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། བོད་ལྗོངས་སྨན་རྩིས་ཁང་། བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སོགས་སུ་དཔེ་ཁྲིད་གནང་སྟེ་བུ་སློབ་ ཀྱང་མང་པོ་ཡོད། ཁོང་ནི་དེང་སྐབས་ཀྱི་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་སྟེ་གནས་ཀྱི་ལས་ འཛིན་པ་དང་། བོད་ལྗོངས་སྨན་རྩིས་ཞིབ་འཇུག་ཁང་གི་མཚན་འཛིན་ཚོགས་གཙོ། ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སོགས་ཀྱི་མཚན་གནས་བཞེས་པ་ ཙམ་མ་ཟད། སྤྱིར་བོད་ཀྱི་རིག་གནས་ཆེ་ཆུང་ཐ་དག་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་ལ་སྐུ་ ངལ་ཁུར་དུ་བཞེས་ཏེ་མཐར་དགུང་གྲངས་གྱ་བཞི་བ་རབ་བྱུང་བདུན་པའི་ཆུ་ལུག་ཕྱི་ལོ་ ༢༠༠༦ལོར་སྐུ་གཤེགས་པ་བཅས་ལོ་རྒྱུས་ཉིང་བསྡུས་སུ་བཀོད་པའོ།།
ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན།
ཁོང་ནི་ཕྱི་ལོ་༡༩༢༥ལོའི་ཟླ༡༢ཚེས་༡༥ཉིན་མདོ་སྨད་སྟག་ ཚང་ལྷ་མོ་རུ་ཡབ་རྟ་མགྲིན་སྐྱབས་དང་ཡུམ་ཨ་ཁྱབ་རིག་འཛིན་འཚོ་གཉིས་ཀྱི་སྲས་སུ་ སྐུ་འཁྲུངས། དགུང་ལོ་དགུའི་སྟེང་ནས་བོད་ཀྱི་གསོ་རིག་ལ་གསན་སྦྱོང་གི་དབུ་བཙུགས། ཕྱི་ལོ་༡༩༧༥ལོ་ནས་མདོ་སྨད་རྨ་ལྷོ་དང་། མགོ་ལོག མཚོ་ལྷོ། བྱ་ཁྱུང་། གཙོད་སོགས་ས་ཁུལ་དང་དགོན་སྡེ་ཁག་ལ་ཕེབས་ནས་དཔེ་ཁྲིད་ཐེངས་མང་གནང་། དེ་བཞིན་ཨོ་སུ་ཁྲུའོ་ལི་ཡ་སོགས་རྒྱལ་ཁབ་ཀྱི་སློབ་ཁྲིད་ཚན་ཁག་གི་སྣ་༡༧ལ་དཔེ་ ཁྲིད་གནང་བས་ཕྱི་རྒྱལ་གྱི་གྲོགས་པོ་མང་པོའི་དགའ་བསུ་དང་གཟེངས་བསྟོད་ཐོབ། བགྲང་བྱ་བཅུ་ཕྲག་རིང་ < < གསོ་རིག་ཤེས་བྱ་ཀུན་འདུས་ཆེན་མོ་ལས་བོད་ཀྱི་གསོ་རིག་ཚན་པ་ > > ཡི་རྩོམ་སྒྲིག་པ་གཙོ་བོ་དང་དངོས་སུ་ལེ་ཚན་བདུན་ཅུ་ལྷག་ཕྱག་བྲིས་མཛད་པ་དང་། < < བོད་ཀྱི་འབྲིང་རིམ་གསོ་རིག་སློབ་གྲྭའི་ཚོད་ལྟའི་སློབ་དེབ > > < < ཨ་ཆུང་གནམ་རྫོང་གི་ལོ་རྒྱུས་མདོར་བསྡུས་ > > < < ལ་མོ་གསེར་ཁྲི་ཧུ་ཐོག་ཐུ་རིམ་བྱོན་གྱི་རྣམ་ཐར > > < < བོད་སོག་ཆོས་འབྱུང་ > > སོགས་ལྗགས་རྩོམ་དུ་མ་མཛད། སློབ་མའི་གཙོ་བོ་ནི་སྨན་པ་འཇིགས་མེད་དང་ཚེ་བཀྲ་སོགས་ཡིན། ཕྱི་ལོ་༡༩༨༦ལོར་དབུས་གཙང་དང་སྡེ་དགེ་སོགས་ལ་ཕེབས་ནས་སྨན་གྱི་སྡེབ་སྦྱོར་བ་ གདན་འདྲེན་ཞུས་ནས་ཤིང་། ལྷག་པར་ཕྱི་ལོ་༡༩༨༧ལོའི་ཟླ་༧པར་གསོ་རིག་སྨན་རྫས་ཀྱི་ཆེད་ལས་མཁས་དབང་ཁྲོ་རུ་ ཚེ་རྣམ་མཆོག་མདོ་སྨད་མཚོ་སྔོན་དུ་གདན་ཞུས་ཀྱིས་མུ་ཏིག་བདུན་ཅུ་སོགས་སྦྱོར་ སྡེ་བཞི་ཞིབ་འཇུག་དང་གསར་བཟོ་མཛད། ཁོང་ནི་ཤིང་བཟའ་སྐུ་ཕྲེང་ལྔ་བ་དང་རྨ་ལྷོ་ཤིང་བཟའ་དགོན་བཀྲ་ཤིས་བདེ་ལེགས་ འཁྱིལ་གྱི་དགོན་བདག་ཡིན། རྒྱ་ནག་མི་རིགས་ཨུ་ཡོན་ལྷན་ཁང་དང་ཚན་རིག་ལག་རྩལ་མཐུན་ཚོགས། ངལ་རྩོལ་མི་དོན་ལས་ཁུངས་སོགས་ཀྱིས་གཟེངས་བསྟོད་དང་བྱ་དགའ་ཐོབ། ཕྱི་ལོ་༡༩༩༢ལོར་མདོ་སྨད་མཚོ་སྔོན་མངའ་སྡེ་ནས་ཆེད་ལས་མཁས་པའི་མཚན་སྙན་གནང་། དེ་བཞིན་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་འགན་འཛིན་གཞོན་པ་དང་། མཚོ་སྔོན་བོད་སྨན་ཁང་གི་མཚན་འཛིན་པ་གཙོ་བོ་བཅས་ཀྱི་ཕྱག་ལས་ཁུར་འགན་བཞེས་ མུར་ཕྱི་ལོ་༡༩༩༨ལོའི་ཟླ་༤བའི་ཚེས་༡༦ཉིན་སྐུ་གཤེགས།
གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག
༧གུང་ཐང་འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་སྡེ་འདི་ཉིད་གང་དུ་འཁྲུངས་པའི་ཡུལ་ནི། གངས་ལྗོངས་མདོ་ཁམས་སྨད་ཀྱི་ལྷོ་རྒྱུད་མཛོད་དགེ་བཞག་ལྡོམ་ཞེས་པའི་འབྲོག་ ཁྱིམ་ཞིག་ཏུ་བྱམས་མེའི་དཔོན་པོ་དགའ་འཇིགས་མེད་རྡོ་རྗེ་དང་བཞག་བཟའ་པད་དཀར་ སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་མེ་སྟག་ལོའི་སྟག་ཟླའི་སྟག་ཚེས་ ཀྱི་ཐོ་རངས་སྟག་གི་དུས་ཕྱི་ལོ༡༩༢༦ཟླ༡ཚེས༡༣ཉིན་སྐུ་བལྟམས། མཚན་ལ་པཎ་ཆེན་སྐྱབས་གསོལ། དགུང་གྲངས་གསུམ་པ་རབ་བྱུང་བཅུ་དྲུག་པའི་ས་འབྲུག་ཕྱི་ལོ༡༩༢༨ལོར་ཤིང་བཟའ་རྡོ་ རྗེ་འཆང་གི་མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོབ། དགུང་གྲངས་དུག་པ་ལྕགས་ལུག་ཕྱི་ལོ༡༩༣༠ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ ཕྲེང་ལྔ་བ་བསྟན་པའི་རྒྱལ་མཚན་གྱིས་དགའ་ལྡན་ཁྲི་རབས་ལྔ་བཅུ་བ་༧ཁྲི་ཆེན་དགེ་ འདུན་ཕུན་ཚོགས་ཀྱི་སྐུ་ཕྲེང་ལྔ་བ་བསྟན་པའི་ཉི་མའི་ཡང་སྤྲུལ་དུ་ཐུགས་ཐག་བཅད། དགུང་གྲངས་བརྒྱད་པ་ཆུ་བྱ་ཕྱི་ལོ༡༩༣༣ལོར་རྗེ་འཇིགས་མེད་འཕྲིན་ལས་རྒྱ་མཚོའི་ མདུན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱིས་གཙོས་པའི་དབང་ལུང་མན་ངག་གང་མང་ གསན།མེ་བྱི་ཕྱི་ལོ༡༩༣༦ལོར་༧ཀུན་གཟིགས་པཎ་ཆེན་སྣང་བ་མཐའ་ཡས་སྐུ་ཕྲེང་དགུ་བ་༧ རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་དཔལ་བཟང་པོའི་མདུན་ནས་ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གསན། དགུང་གྲངས་ཉེར་གཅིག་པ་མེ་ཁྱི་ཕྱི་ལོ༡༩༤༦ལོའི་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔར་ ཁོ་ཚེ་ནས་༧ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ ལོའི་དབང་ཆེན་ཐེངས་དང་པོ་གནང་ཞིང་དད་ལྡན་སེར་སྐྱ་ཁྲི་ལྷག་གི་རྒྱུད་ལ་ཐར་ བའི་ས་བོན་བསྐྲུན་ཏེ་གདུལ་བྱ་རྗེས་སུ་འཛིན་པའི་དབུ་བཙུགས། ཕྱི་ལོ་༡༩༤༨ལོར་རྫི་འགག་རྒྱལ་བོས་གསོལ་བ་ཤུགས་དྲག་བཏབ་པ་བཞིན་ཟླ་གཉིས་པའི་ ཚེས་བཅོ་ལྔའི་ཉིན་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གཉིས་པ་བསྩལ། དགུང་གྲངས་ཉེར་བཞི་བ་ས་གླང་ཕྱི་ལོ༡༩༤༩ལོར་རྗེ་རང་གི་སྐུ་ཡུལ་བྱམས་མེ་ནས་ཟླ་ བརྒྱད་པའི་ཚེས་ལྔ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་གསུམ་པ་གནང་། དགུང་གྲངས་ཉེར་དགུ་བ་ཤིང་རྟ་ཕྱི་ལོ་༡༩༥༤ལོར་དབྱུག་ཟླའི་ཚེས་ཉེར་གཉིས་ཀྱི་ དུས་བཟང་ལ་བསྟུན་ནས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲི་རབས་གྱ་ལྔ་བ་ མཛད་པའི་ཁྲི་སྟོན་རྒྱ་ཆེན་མཛད། དགུང་གྲངས་སུམ་ཅུ་བ་ཤིང་ལུག་ཕྱི་ལོ༡༩༥༥ལོའི་དབོ་ཟླ་བར་གངས་ལྗོངས་ཆོས་སྲིད་ གཉིས་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་ མཆོག་རྒྱ་ནག་ཏུ་ཆིབས་བསྒྱུར་བསྐྱངས་ནས་ཕྱིར་དབུས་གཙང་དུ་ཕེབས་ལམ་ནས་སེར་ སྐྱ་མི་མང་གི་གསོལ་བ་རྩེ་གཅིག་ཏུ་བཏབ་པ་བཞིན། ཆོས་སྡེ་ཆེན་པོ་དཔལ་ལྡན་བཀྲ་ཤིས་འཁྱིལ་དུ་ཞབས་སོར་བཀོད་དེ་ཉིན་ལྔར་བཞུགས་ རིང་མི་མང་ལ་མཇལ་ཁ་དང་། དཔལ་མོ་ལུགས་ཀྱི་འཕགས་པ་ཐུགས་རྗེ་ཆེན་པོའི་དབང་བསྐུར་ཟབ་མོ་སོགས་དམ་ཆོས་ བདུད་རྩིས་གདུལ་བྱ་ཚིམ་པར་མཛད་སྐབས་རྗེ་ཉིད་དབང་གྲལ་དུ་ཞུགས་ཤིང་༧གོང་ས་ སྐྱབས་མགོན་མཆོག་རང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མར་བཀུར་ཏེ་རྣམ་པ་ གཉིས་ལ་ཕན་ཚུན་བླ་སློབ་ཀྱི་ཐུགས་བརྩེའི་འབྲེལ་བ་དམ་ཟབ་བྱུང་། དགུང་གྲངས་སོ་གཅིག་པ་མེ་སྤྲེལ་ཕྱི་ལོ༡༩༥༦ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བཅོ་ ལྔ་ལ་སོག་པོ་མདའ་ཚན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བཞི་བ་གནང་། ཕྱི་ལོ་༡༩༥༧ལོའི་ནག་ཟླའི་ཚེས་བཅོ་ལྔ་ལ་ཅོ་ནེ་ཆས་བུ་གཤིས་སུ་རྗེ་རབ་བརྟན་ རྒྱ་མཚོ་གཙོས་སེར་སྐྱ་ཁྲི་ལྷག་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་དཔལ་དུས་ཀྱི་ འཁོར་ལོའི་དབང་ཆེན་ཐེངས་ལྔ་བ་བསྩལ། ཕྱི་ལོ་༡༩༥༨ལོར་འཇམ་དབྱངས་སྨྲ་སེང་གི་གླིང་གིས་ཞུས་ངོར་དཔལ་དུས་ཀྱི་འཁོར་ ལོའི་དབང་ཆེན་ཐེངས་དྲུག་པ་གནང་། ལོ་དེ་ནི་རྒྱ་གཞུང་གིས་བོད་ལ་དྲག་པོའི་དམག་དཔུང་བཏང་སྟེ་བཙན་པོའི་དབང་ བསྒྱུར་གྱིས་བོད་ས་ཡོངས་དུར་ཐང་དུ་བསྒྱུར་ཡོད་ལ་བོད་མི་མང་ནས་ངོ་རྒོལ་ འཁྲུག་སློང་ཆེན་པོ་བྱེད་བཞིན་ཡོད། དགུང་གྲངས་སོ་གསུམ་པ་ས་ཁྱི་ས་ག་ཟླ་བའི་ཚེས་བཞི་ཕྱི་ལོ༡༩༥༨ལོའི་ཟླ་༥ཚེས་༢༢ ཉིན་རྒྱ་གཞུང་གིས་རྗེ་འདི་བར་མདོ་སྨད་ཕྱོགས་ཀྱི་ལོག་སྤྱོད་དཔུང་སྡེའི་ཟིང་ འཁྲུག་གི་གསང་ཇུས་བཀོད་འདོམས་མཁན་དུ་བསྙད་འདོགས་བྱས་ནས་རྒྱ་ནག་ཁྲིན་ཏུའུ་ ནས་འཛིན་བཟུང་བྱས། རྗེ་ཉིད་ཁྲིན་ཏུའུ་ནས་ལན་ཀྲུའུ་བཙོན་ཁང་དུ་བསྐྱལ། མཚམས་རེ་རྒྱ་མིའི་དཔོན་རིགས་འགའ་ཡོང་ནས་ཁོང་ལ། ཁྱོད་ཀྱིས་༧ཏཱ་ལའི་བླ་མའི་ལངས་ཕྱོགས་ལ་ཇོ་རྒོལ་དང་ཏཱ་ལའི་བླ་མར་མཚན་སྨོད་ ཀྱི་ས་རྟགས་བཀོད་ན་བཙོན་གྲོལ་གཏོང་གི་ཡིན ཞེས་གཡོ་གཏམ་བཤད་པའི་ལན་དུ་རྗེ་ཉིས་ཀྱིས་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ནི་ངའི་ རྩ་བའི་བླ་མ་ཡིན་པས་དུས་ནམ་ཡང་དད་སེམས་བསྒྱུར་མི་ཐུབ། ཅེས་ཐུགས་སྤོབས་ལྡན་པའི་ལན་བཏབ་པས་རྒྱ་མིའི་དཔོན་རིགས་ཚོ་ལྷག་པར་ཁོང་ཁྲོ་ ལངས་ཏེ་རྗེ་ཉིད་སྲོག་ཁྲིམས་ཀྱི་ཉོས་པ་གཅོད་རྒྱུ་ཐག་བཅད་ཀྱང་མཆོག་གསུམ་ཐུགས་ རྗེ་དང་གངས་ཅན་སྐྱེ་འགྲོའི་བསོད་ནམས་མ་ཟད་པའི་མཐུ་ལས་སྐུ་སྲོག་འཚོ་ཙམ་ བྱུང་། ལོ་ངོ་ཉེར་གཅིག་གི་རྗེས་དགུང་གྲངས་ང་བཞི་བ་ས་ལུག་ཕྱི་ལོ༡༩༧༩ལོར་མཐོ་རིམ་མི་ མང་ཁྲིམས་ཁང་གིས་དཀར་འདོན་བྱས་ཏེ་བཙོན་གྲོལ་ཐོབ། དགུང་གྲངས་རེ་གཅིག་པ་མེ་སྟག་ཕྱི་ལོ༡༩༨༦ལོར་མཚོ་སྒང་དུ་༧སྐྱབས་རྗེ་ཨ་མཆོག་ སྐུ་ཕྲེང་དྲུག་པ་རྗེ་བློ་བཟང་ཐུབ་བསྟན་མཁྱེན་རབ་རྒྱ་མཚོ་དང་ཞལ་འཛོམས་ཤིང་ ཕན་ཚུན་ཐུགས་ཡིད་གཅིག་འདྲེས་ཀྱིས་བསྟན་འགྲོར་སྨན་པའི་བཀའ་མོལ་ཞིབ་ལྷོད་མཛད། ལོ་དེའི་ཕྱི་ཟླ་བཅུ་གཅིག་པར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་མཛད་ དེ་༧ཀུན་གཟིགས་པཎ་ཆེན་མཆོག་དང་མཉམ་དུ་བལ་ཡུལ་རྒྱལ་སར་འཛམ་གླིང་ནང་བསྟན་འཛའ་ འབྲེལ་ཐེངས་བཅོ་ལྔ་བའི་ཚོགས་འདུ་བསྐྱངས། ཕྱི་ལོ༡༩༨༨ལོར་གོང་སེར་ཁ་མདོ་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བདུན་ པ་བསྩད། སྐབས་དེར་རྗེ་ཉིས་ཀྱི་ཞལ་ནས། " ས་ཆ་འདི་ནས་མགོ་ལོག་ཁང་སར་མ་དང་དཔལ་པཎ་མི་མང་གིས་རྒྱ་དམག་ལ་འགོག་རྒོལ་འཐབ་ འཁྲུག་བྱེད་སྐབས་བོད་མི་སྟོང་ཕྲག་ཁ་ཤས་ཀྱི་རང་སྲོག་ཤོར་ཡོད་པ་དང་། རྨ་ཆུའི་ནང་དུ་མི་མང་བོ་ལྕེབས་ཤི་ཐེབས་ཡོད་པས་ང་ཚོ་ཚང་མས་དེ་དག་གི་ཆེད་དུ་ བསྔོ་སྨོན་རེ་གནང་དགོས " ཞེས་གསུངས་ཏེ་ཐུགས་སྣང་ཧ་ཅང་སྐྱོ་བ་མཛད། གཞན་ཕྲུ་གུ་ཚོར་སློབ་གྲྭར་བཏང་ནས་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེ་ཚུལ་ནན་ཏན་ དུ་གསུངས་ཏེ་བོད་ཀྱི་སློབ་གྲྭ་ཁག་བདུན་ལ་རྒྱ་སྒོར་བཞི་ཁྲི་ལྷག་གི་མཐུན་ རྐྱེན་གནང་། དགུང་གྲངས་རེ་བཞི་བ་ས་སྦྲུལ་ལོའི་ཕྱི་ཟླ་གཉིས་པར་རྒྱ་ནག་པེ་ཅིང་དུ་༧ཀུན་ གཟིགས་པཎ་ཆེན་རིན་པོ་ཆེའི་དགོངས་རྫོགས་ཚོགས་ཆེན་ཐོག་རྗེ་ཉིད་ཀྱིས༧ཀུན་ གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་དྲིན་བརྗེད་ཐབས་མེད་པ་དང་ཡང་སྤྲྱུལ་འཁྲུལ་ མེད་ཅིག་དགོས་པའི་དགོངས་འཆར་ཞུས། ལོ་དེར་རྒྱ་གཞུང་གིས་ < < པཎ་ཆེན་ཡང་སྲིད་བརྩད་ཞིབ་ཚོགས་ཆུང་ > > ཞིག་བཙུགས་ཏེ་རྗེ་ཉིད་དང་བླ་ཆེན་རྒན་གྲས་འགའ་ཞིག་སློབ་སྟོན་པར་བསྐོས། ཚོགས་ཐོག་ཏུ་རྗེ་ཉིད་ཀྱིས་རེ་བ་དོན་ཚན་གསུམ་བཏོན་པ་ནི། གཅིག ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཡང་སྤྲུལ་ངེས་པར་དུ་འཚོལ་དགོས་པ། གཉིས། ཡང་སྤྲུལ་དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཐག་གཅོད་རྒྱུ། གསུམ། ཡང་སྤྲུལ་གཉིས་མི་འབྱུང་བར་འབད་བརྩོན་བྱེད་རྒྱུ་བཅས་སོ། དགུང་གྲངས་རེ་ལྔ་བ་ལྕགས་རྟ་ཕྱི་ལོ༡༩༩༠ཟླ་ཚེས༡༥ཉིན་སུའུ་ལེན་མོ་ཟི་ཁོ་ནས་ < < འཛམ་གླིང་སྐྱེ་དགུའི་ཁོར་ཡུག་དར་རྒྱས་ > > ཅེས་པའི་ཚོགས་འདུའི་ཐོག་གདན་ཞུས་ལྟར་ཕེབས་ནས་སོག་པོ་སུ་རད་པའི་མཇལ་མི་རྣམས་ ལ་གཞུང་ཚབ་ཁང་ནས་སྣེ་ལེན་མཛད། ཕྱི་ལོ༡༩༩༡ལོའི་སྣྲོན་ཟླའི་ཚེས་བཅོ་ལྔ་ལ་རྒྱ་བོད་ཧོར་སོགས་ཀྱི་དད་ལྡན་སྐྱེ་ བོ་འབུམ་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བརྒྱད་པ་གནང་། ཕྱི་ལོ༡༩༩༡ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བཅུ་གཉིས་ལ་བྱམས་མེ་དམར་མོ་ཐང་ནས་དད་ ལྡན་སེར་སྐྱ་ཆིག་འབུམ་བརྒྱད་སྟོང་ལྷག་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ ཐེངས་དགུ་བ་བསྩལ། དགུང་གྲངས་རེ་བརྒྱད་པ་ཆུ་བྱ་ཕྱི་ལོ༡༩༩༣ལོར་ཨ་མི་རི་ཀའི་སྦྱིན་བདག་དང་ནང་ བསྟན་ཆོས་ཚོགས་ཁག་གིས་གསོལ་བ་བཏབ་པ་བཞིན་ལོ་ཧྲན་ཅི་ནས་མི་དཀར་ནག་སེར་གསུམ་ གྱི་རིགས་ལྡན་སྐྱེ་བོ་སྟོག་ཕྲག་ཙམ་ལ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་བསྩལ། ཨ་རིའི་སྲིད་འཛིན་ཁི་ལོན་ཏོང་གི་ཁྲི་སྟོན་གསོལ་ཚིགས་ལ་རྗེ་ཉིད་སྦྱིན་བདག་ དང་བཅས་པ་གདན་དྲངས། སྐབས་དེར་རྗེ་ཉིད་རྒྱ་གཞུང་གི་སྐབས་བརྒྱད་པའི་རྒྱལ་ཡོངས་སྲིད་གྲོས་རྒྱུན་ ལས་དང་། སྐབས་བདུན་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཡིན། ཆུ་སྟོད་ཟླ་བའི་ཚེས་དྲུག་ཕྱི་ལོ༡༩༩༣ལོའི་ཟླ༣ཚེས༧ཉིན་སྟོན་པ་བཅོམ་ལྡན་འདས་ ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་ལ་མཆོད་རྟེན་མཐོང་ གྲོལ་ཆེན་མོ་བསྐྱར་བཞེངས་ལེགས་འགྲུབ་ཀྱི་རབ་གནས་མཛད་སྐབས་རྗེ་ཉིས་ཀྱིས་སྐུ་ གསུང་ཐུགས་རྟེན་ལ་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་ལས་གཙོ་སྐུ་བྱིན་རླབས་ཅན་ འོད་དཔག་མེད་ཀྱི་གཙུག་ཏོར་དང་ཐུགས་ཀ་ནས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། དགུང་གྲངས་རེ་དགུ་བ་ཤིང་ཁྱི་ཕྱི་ལོ་༡༩༩༤ལོའི་ཆུ་སྟོད་ཟླ་བར་༧ཀུན་མཁྱེན་འཇམ་ དབྱངས་བཞད་པས་ཐུགས་ཁུར་ཆེ་བཞེས་ཐོག་བཀྲ་ཤིས་འཁྱིལ་གྱི་ཉེ་འགྲམ་བསང་ཁོག་ཏུ་ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་བཅུ་བ་གནང་། དབང་ཞུར་བཅར་མཁན་ཞིང་ཆེན་དགུ་ཙམ་ནས་མཁའ་ལམ་བརྒྱུད་དེ་རྒྱ་རིགས་སྟོང་གཅིག་ འདུས་པ་དང་། བོད་ཀྱི་བླ་སྤྲུལ་ཆེ་ཁག་གིས་གཙོས་པའི་སེར་མོ་བ་ཁྲི་ཕྲག་གསུམ་ལྷག་དང་ཁྱིམ་པ་ འབུམ་ཕྲག་ལྔ་ཙམ་འདུས། དགུང་གྲངས་བདུན་ཅུ་བ་ཤིང་ཕག་ཕྱི་ལོ༡༩༩༥ལོར་༧གོང་ས་མཆོག་གིས་༧ཀུན་གཟིགས་པཎ་ ཆེན་རིན་པོ་ཆེའི་ཡང་སྤྲུལ་ངོས་འཛིན་གནང་རྗེས། རྒྱ་གཞུང་གིས་ཡང་སྤྲུལ་རྫུན་མ་ཞིག་བཙལ་ཏེ་བོད་ཀྱི་བླ་སྤྲུལ་ཆེ་ཁག་གིས་ངོས་ ལེན་དང་རྒྱབ་སྐྱོར་དགོས་ཚུལ་གྱི་བཙན་དབང་སྤྱད་སྐབས། རྗེ་ཉིད་ཀྱིས་ " ༧ཀུན་གཟིགས་པཎ་ཆེན་མཆོག་སྤྲུལ་ནི་༧གོང་ས་༧རྒྱལ་དབང་རིན་པོ་ཆེས་ངོས་འཛིན་ གནང་ཟིན་པས་དེ་ལས་གཞན་ཞིག་བཙལ་ན་བོད་མི་མང་གིས་གཏན་ནས་ངོས་ལེན་བྱེད་མི་ སྲིད་ " ཅེས་གསལ་བཤད་གནང་བ་རྒྱ་གཞུང་གི་མཚང་ལ་ཕོག་ནས་པེ་ཅིང་དུ་ཉིན་འགར་བཀག་ཉར་བྱས། ཕྱི་ལོ༢༠༠༠ལོའི་ཟླ༣ཚེས༡ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་ མཛད་པ་སོགས་ལོ་རྒྱུས་ཉིང་སྡུས་སུ་བཀོད་པའོ།།
བོན་གྱི་མཁས་དབང་ཀུན་གསལ་བློ་གྲོས།
བོད་ཀྱི་ཐུན་མོང་རིག་གནས་སྤྱི་དང་ལྷག་པར་གཡུང་དྲུང་ བོན་གྱི་མདོ་རྒྱུད་གཞུང་ལ་མཁྱེན་རྒྱ་ཡངས་བའི་མཁས་དབང་ཀུན་གསལ་བློ་གྲོས་ མཆོག་ནི་མདོ་སྨད་རྔ་བའི་ཡུལ་གྱི་གདུང་རུས་རྨེའུ་མོ་བའི་གཏོར་མོ་ཆུང་ཞེས་ པའི་ཁྱིམ་དུ། ཡབ་མཆོག་གསུམ་སྐྱབས་དང་ཡུམ་ཆུ་བཟའ་དཀར་མོ་ཞེས་པ་གཉིས་ཀྱི་སྲས་སུ་བོད་རབ་ བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོ་ཕྱི་ལོ ༡༩༢༨ ལོར་སྐུ་འཁྲུངས། སྣང་ཞིག་ནམ་མཁའ་བློ་གྲོས་མཆོག་གིས་སྐྱེས་བུ་དམ་པ་ཞིག་གི་རྣམ་སྤྲུལ་ཡིན་པས། རབ་ཏུ་བྱུང་ན་བསྟན་པ་ལ་ཕན་ཐོགས་ཆེ་ཚུལ་གྱི་ཞལ་གདམས་ལུང་བསྟན་དང་བཅས་མཚན་ལ་ ཀུན་གསལ་བློ་གྲོས་སུ་གསོལ། སྐུ་ན་ཆུང་བའི་དུས་ནས་རྔ་བའི་ཡུལ་གྱི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་དུ་ ཚོགས་ཞུགས་གནང་སྟེ། དེ་རུ་ཁུ་བོ་གཡུང་དྲུང་བསྟན་འཛིན་གཙོས་བོན་གྱི་དགེ་བའི་བཤེས་གཉེན་དུ་མའི་ མདུན་ནས་བོན་སྤྱོད་འདོན་ཆོག་དང་། རྒྱུད་སྡེ། བརྡ་སྤྲོད་སྙན་ངག་སོགས་ཐུན་མོང་རིག་གནས་བཅས་ལ་སྦྱངས་བ་མཛད། དེ་ནས་མེ་མོ་ཕག་གི་ལོ་ཕྱི་ལོ ༡༩༤༧ ལོར་གཙང་གི་བོན་གྱི་གྲྭ་ས་གཡུང་དྲུང་གླིང་དུ་ཞུགས་ཏེ། དེ་རུ་མཁན་ཆེན་བསྟན་པའི་རྒྱལ་མཚན་དང་སློབ་དཔོན་བསྟན་པ་རབ་རྒྱས་སོགས་དགེ་ སློང་རྣམ་བཅུའི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ཏེ། མཚན་ལ་ཤེས་རབ་ཀུན་གསལ་བློ་གྲོས་དཔལ་བཟང་པོ་ཞེས་གསོལ་ཅིང་། དགོན་དེར་བསྙེན་རྫོགས་མཁན་སློབ་གཉིས་དང་ཚ་རོང་གར་ཤུལ་ཤེས་རབ་ཡེ་ཤེས་སོགས་ ཀྱི་དྲུང་ནས་ཨ་སྙན་རྫོགས་གསུམ་གྱི་སྔོན་འགྲོ་དངོས་གཞི་དང་རྩ་ཐིག་རླུང་གསུམ་ བཅས་དང་། སྒང་རི་དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན་དང་། ཁྱུང་པོ་དཔོན་སློབ་བསྟན་འཛིན་རྣམ་དག་སོགས་ཀྱི་མདུན་ནས་བཅུ་ཕྲག་རིག་གནས་ སྤྱི་དང་། ལྷག་པར་བོན་གྱི་ཕྱི་ནང་གསང་གསུམ། མདོ་སྔགས་སེམས་གསུམ། ཨ་རྫོགས་སྙན་གསུམ་སོགས་མདོ་སྨད་གཞུང་ལུགས་ཁག་ལ་སྦྱངས་བརྩོན་སློབ་གཉེར་ དཔྱིས་ཕྱིན་པ་གནང་། དེ་རྗེས་དགུང་ལོ་ཉེར་བཞི་བཞེས་པ་ལྕགས་མོ་ཡོས་ཀྱི་ལོ་ཕྱི་ལོ ༡༩༥༡ ལོར་ལྷ་ལྡན་ཡུལ་དུ་ཕེབས་ཏེ། དཔལ་ལྡན་འབྲས་སྤུངས་དགོན་དུ་སོག་པོའི་དགེ་བཤེས་ངག་དབང་ཉི་མ་དང་། གཞན་དགེ་བཤེས་སྦྱིན་པ་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ་སོགས་བསྟེན་ཏེ་བསྡུས་གཞུང་བློ་རྟགས་ནས་བཟུང་ཕར་ཕྱིན་གྱི་ གཞུང་བཅས་ལ་སྦྱངས་བརྩོན་མི་དམན་པ་གནང་ཞིང་། ཞོར་དུ་སྨན་རིའི་མཁན་ཆེན་ཉི་མ་དབང་རྒྱལ་གྱི་ཁྲོ་བོ་སྒྲུབ་ཆེན་སོགས་ཀྱི་དབང་ ལུང་ཟབ་མོ་ཐོབ། མེ་མོ་བྱའི་ལོ་ཕྱི་ལོ ༡༩༥༧ ལོར་གཡུང་དྲུང་གླིང་གི་མཁན་ཆེན་བསྟན་པའི་རྒྱལ་མཚན་གྱི་ཕྱག་རོགས་དཔོན་སློབ་ ཏུ་གསེར་བུམ་དུ་དཀྲུགས་འདོན་གྱིས་འདེམས་ཐོན་བྱུང་བས། གཡུང་དྲུང་གླིང་གི་འདུལ་བའི་མཁན་པོར་བསྐོ་བཞག་གནང་སྟེ། ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཞོལ། དེ་ནས་ས་མོ་ཕག་གི་ལོ་ཕྱི་ལོ ༡༩༥༩ ལོར་ཆོས་ཕྱོགས་སོགས་ལ་དགག་རྒྱག་གིས་བོད་ཡུལ་གྱི་དགོན་སྡེ་ཁག་གཏོར་བཅོམ་གྱི་ དུས་ཟིང་ལངས་སྐབས། རྣམ་གླིང་རྫོང་གི་ལུག་གདོང་མཁས་མཆོག་གི་རི་ཁྲོད་དུ་ནགས་སྲུང་པའི་ཚུལ་དུ་ བཞུགས་ཤིང་ཞོར་དུ་སྒོམ་སྒྲུབ་ཉམས་ལེན་མཛད་བཞིན། ཆུ་མོ་ཕག་གི་ལོ་ཕྱི་ལོ ༡༩༨༢ ལོར་ཆོས་བྱེད་ཀྱི་སྒོ་མོ་སླར་ཕྱེས་པའི་པར་ལོ་ངོ་བཅུ་གསུམ་ཙམ་གྱི་རིང་བཞུགས། བོད་ཁམས་ཡོངས་ལ་ཆོས་བྱེད་ཀྱི་སྒོ་མོ་བསྐྱར་དུ་ཕྱེས་པ་དང་དུས་མཚུངས། ཁོང་གིས་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྒྱལ་ཚབ་འཁུར་དུ་བཞེས་ཏེ་གཡུང་དྲུང་ གླིང་དགོན་པ་བསྐྱར་བཞེངས་གནང་ཞིང་། མདོ་སྔགས་ཟུང་འབྲེལ་གྱི་བཀའ་ཡི་འཁོར་ལོ་བསྐྱར་དུ་བསྐོར་ཏེ་འཆད་རྩོད་རྩོམ་ གསུམ་གྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བའི་མཛད་རྗེས་རླབས་ཆེན་བཞག ཁོང་གིས་སྔ་ཕྱིར་བརྩམས་གནང་པའི་ལྗགས་རྩོམ་ལ། < < ཕར་ཕྱིན་སྐབས་བརྒྱད་ཀྱི་སྤྱི་དོན། > > དང་། < < བསྡུས་ཚད་ཀྱི་རིག་ལམ་ཐོར་བུ། > > < < དག་ཡིག་རྩ་འགྲེལ། > > < < སྙན་ངག་ལེའུ་གསུམ་གྱི་འགྲེལ་བ། > > < < དཀར་ནག་རྩིས་ཀྱི་སྐོར། > > < < བོད་དང་བོན་གྱི་ཤེས་རིག་བསྟན་འབྱུང་། > > < < བྲུ་སྟོན་རྒྱལ་བའི་ཨ་ཁྲིད་ཐུན་མཚམས་བཅོ་ལྔའི་འགྲེལ་བ། > > < < སེམས་ཁྲིད་འོད་གསལ་བདུན་སྐོར། > > < < ཨ་རྫོགས་སྙན་གསུམ་གྱི་རྩ་རླུང་ཐེིག་ལེའི་ངོ་སྤྲོད་དམར་ཁྲིད། > > < < ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ་མ་བཅོས་གསེར་གྱི་ ཡང་ཞུན > > བཅས་གསུང་པོད་བརྒྱད་ཙམ་ཡོད་པ་བཅས་དམ་པ་འདིས་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་བསྟན་པར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་མཛད་ རྗེས་རླབས་ཆེན་བཞག་ཡོད།
མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ།
མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་མཆོག་ནི། ཕྱི་ལོ༡༩༣༣ལོར་མདོ་ཁམས་རྡོ་ཁོག་རྫི་མེད་ཆོས་ལྷས་ཞེས་པའི་སའི་ཐིག་ལེར་ངོ་ མཚར་རྟགས་མཚན་དུ་མ་དང་བཅས་སྐུའི་མཚན་དཔེའི་དཀྱིལ་འཁོར་བཞད། དགུང་ལོ་བཅུ་བཞིར་སོན་པ་ན་སྲིད་ལས་ངེས་པར་འབྱུང་པའི་འདུན་པ་དྲག་པོས་བསྐུལ་ ཏེ་ ལྷག་པ་ཚུལ་ཁྲིམས་ཀྱི་བསླབས་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྩར་གཟིགས་ནས་བྲག་རྫོང་ མཁན་པོ་བསོད་ནམས་རིན་ཆེན་ལས་རབ་ཏུ་བྱུང་། མཚན་ཐུབ་བསྟན་ལེགས་བཤད་བཟང་པོར་གསོལ། དགུང་ལོ་བཅོ་ལྔ་པའི་སྐབས་འོད་གསལ་རྫོགས་པ་ཆེན་པོར་ཐུན་མོང་མ་ཡིན་པའི་མོས་ གུས་འཁྲུངས་ཏེ་ ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསོལ་འདེབས་རིག་སྟོང་འཇམ་དཔལ་གཞོན་ནུ་ས་ཡ་གཅིག་ གསུངས་པ་དང་། སེམས་ཀྱི་ཆོས་ཉིད་གཉུག་མ་དོན་གྱི་ཡེ་ཤེས་རིག་སྟོང་རྗེན་པའི་རང་གཤིས་ཉམས་ ཞེན་རྣམ་རྟོག་གི་སྦུབས་ལས་ཐོན། དགུང་ལོ་བཅོ་བརྒྱད་དུ་ཕེབས་པ་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྫ་སྟོད་ ལྕང་མ་སྒར་དུ་བཞུགས་པའི་ཐུབ་བསྟན་ཆོས་འཕེལ་བཟང་པོའམ། ཐུབ་དགའ་ཡིད་བཞིན་ནོར་བུ་ཞེས་པའི་ཞབས་ལ་གཏུགས་ཏེ་མཉེས་པ་གསུམ་གྱིས་མཉེས་པར་ མཛད་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཙུག་ལག་དུ་མའི་བཤད་ཁྲིད། གསང་ཆེན་རྡོ་རྗེ་ཐེག་པའི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། རྒྱབ་རྟེན་ལུང་སོགས་མཁས་གྲུབ་དམ་པ་མང་པོའི་དྲུང་ནས་མདོ་སྔགས་ཀྱི་དབང་ཁྲིད་ བཀའ་ལུང་མཐའ་ཡས་པ་གསན། བཤེས་གཉེན་ཐམས་ཅད་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ཐོས་པ་རྒྱ་ མཚོའི་ཕ་རོལ་ཏུ་གཤེགས། ཕྱི་ལོ༡༩༨༠ལོར་གསེར་རྟ་བླ་རུང་ཆོས་སྡེ་ཆེན་པོ་ཕྱག་བཏབ་སྟེ། དགོན་པ་དེ་ཉིད་དུ་ནང་བསྟན་སློབ་གླིང་དང་། རྒྱལ་སྤྱིའི་ཆོས་སློབ་ཚོགས་པ། པདྨ་མཁའ་འགྲོའི་འདུ་གླིང་། ལེགས་ཚོགས་ཆར་འབེབས་གླིང་བཅས་གླིང་ཁག་བཞིར་དབྱེ་ནས་འཛིན་སྐྱོང་སྤེལ་གསུམ་ དང་། སློབ་བུ་ཡང་རྒྱ་མི་རིགས་ཐེ་བའི་ ཡུལ་འདྲ་མིན་ནས་སྟོང་ཕྲག་བརྒྱད་ལྷག་འདུས། མཁན་ཆེན་མཆོག་ནས་ལྔ་རིག་ནང་བསྟན་སློབ་གླིང་གི་བསྟན་དོན་འཛིན་སྐྱོང་སྤེལ་ གསུམ་གནང་བ་མ་ཟད། རྒྱ་ནག་དང་། བལ་ཡུལ། འབྲུག རྒྱ་གར། ཨ་རི། དབྱིན་ཡུལ། ཧྥ་རན་སི། ཁེ་ན་ཊ། ཉི་ཧོང་། ཐེ་ཝན། ཧོང་ཀོང་སོགས་རྒྱལ་ཁབ་མང་པོའི་ནང་ཆེད་ཕེབས་ གནང་སྟེ་བསྟན་འགྲོའི་དོན་དུ་ཆོས་འཁོར་རྒྱ་ཆེར་བསྐོར་བར་མཛད ཕྱི་ལོ༡༩༩༠ལོའི་ཟླ་༦ནང་བལ་ཡུལ་བརྒྱུད་ཕྱི་ཟླ༧ཚེས་༡༦ཉིན་བཞུགས་སྒར་རྡ་རམ་ས་ ལར་༧ཕེབས་ནས་སྤྱི་ནོར༧་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གཟིམ་ཆུང་དུ་ཐོག་ མའི་ཞལ་འཛོམས། ཕྱི་ལོ༡༩༩༦ལོ་ནས་བཟུང་ལྔ་རིག་ནང་བསྟན་སློབ་གླིང་ལ་དོ་དམ་དང་སུན་གཙེར་སྣ་ ཚོགས་བྱས་རྗེས། ཕྱི་ལོ་༢༠༠༡ལོའི་ཕྱི་ཟླ་༤ཚེས་༡༨ཉིན་རྒྱ་དམར་གྱིས་དགེ་བཙུན་གྱི་བཞུགས་ཤག་ གཏོར་བཤིགས་དང་། དགེ་འདུན་པ་དང་བཙུན་མ་མང་པོ་ཕྱིར་འབུད་བྱས་པ། མཁན་ཆེན་མཆོག་གི་རྒྱུན་ལྡན་ ཆོས་ཕྱོགས་ཀྱི་གནང་སྒོར་བཀག་སྡོམ་དང་། དོ་དམ་བཀག་ཉར་བྱས་པ་སོགས་བོད་ཀྱི་བསྟན་འགྲོ་ལ་གོད་ཆག་ཚད་མེད་དང་། མཁན་ཆེན་མཆོག་ལ་སྐུ་ངལ་མི་བཟད་པ་བཟོས་པ་དེ་ནས་བཟུང་སྙིང་གཙོ་བོར་གྱུར་པའི་ སྐུ་ཁམས་མི་བདེ་བའི་རྣམ་པ་བཞེས་པ་དང་། ཕྱི་ལོ༢༠༠༤ཟླ༡ཚེས༧ཉིན་དགོངས་པ་གཞན་དོན་དུ་གཤེགས།
བོད་ཀྱི་སྙན་ངག་མཁས་པ་ཡི་དམ་ཚེ་རིང་།
དེང་རབས་བོད་ཀྱི་རྩོམ་རིག་ལ་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ ཡངས་པའི་རྙན་ངག་མཁས་པ་ཡི་དམ་ཚེ་རིང་མཆོག་ནི། བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ཕྱི་ལོ ༡༩༣༣ལོའི་ཟླ་༢པའི་ཚེས་༡༠ཉིན་མཚོ་སྔོན་ཞིང་ཆེན་ཕིང་ཨན་རྫོང་དུ་སྐུ་འཁྲུངས། སྐུ་ན་ཆུང་དུས་ནས་ཤེས་རིག་སློབ་གཉེར་གྱི་སྤྲོ་བ་འཕེལ་ཏེ་ཡི་གེ་འབྲི་ཀློག་ སྦྱོར་གསུམ་ནས་བཟུང་རིག་གནས་མ་ལག་མང་པོར་རིམ་པར་སྦྱངས་པ་མཛད། ཕྱི་ལོ་ ༡༩༥༢ ལོ་ནས་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་གླིང་དུ་ཕྱག་ལས་གནང་མགོ་ཚུགས། ལོ་དེར་ནུབ་བྱང་སྒྱུ་རྩལ་སློབ་གླིང་དུ་ཕེབས་ཏེ་སློབ་གཉེར་མཛད་པའི་གོ་སྐབས་ ཐོབ་ཅིང་། དེ་རུ་སྐབས་༥༥པའི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་ལག་འཁྱེར་བླངས། དེ་ནས་ཕྱི་ལོ ༡༩༥༤ལོའི་ཟླ་༧པ་ནས་ལོ་ངོ་བཅུ་བདུན་རིང་ནུབ་བྱང་མི་རིགས་སློབ་གླིང་གི་གླུ་ གར་ཚོགས་པ་དང་། སྒྱུ་རྩལ་ཚན་ཁག ཀན་སུའུ་ཞིང་ཆེན་མི་རིགས་གླུ་གར་ཚོགས་པའི་དགེ་རྒན་དང་། གླུ་གར་དང་ཞབས་བློ་སོགས་འཁྲབ་སྟོན་རུ་ཁག་བཅས་ཀྱི་མགོ་གཙོ་དང་འཁྲབ་ཁྲིད་པ། གླུ་ཚིག་གསར་རྩོམ་པ། བོད་ཀྱི་རྩོམ་རིག་གསར་རྩོམ་ཞིབ་འཇུག་ཁང་གི་མགོ་གཙོ་བཅས་ཀྱིས་མཚོན་ཐུགས་འགན་ གང་མང་བཞེས་མྱོང་། ལྷག་པར་ཁོང་གིས་བོད་མི་རིགས་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་ཀྱི་ཐད་སྐུ་ངལ་ ལ་མ་འཛེམས་པར་སྔ་ཕྱིར་ཐུགས་ཁུར་རྒྱབ་སྐྱོར་གྱིས། རྩོམ་རིག་གསར་རྩོམ་གྱི་ལས་འགན་དེ་དོན་ཐོག་ཏུ་འཕེལ་རྒྱས་ཡར་ཐོན་ཡོང་བ་དང་། བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་པའི་གཞོན་སྐྱེས་མང་པོ་གསོ་སྐྱོང་ གནང་བ་བཅས་ཀྱི་ཐད་མཛད་རྗེས་རླབས་ཆེན་བཞག་ཡོད། དེ་ཡང་བོད་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། རྩོམ་རིག་སོགས་རིག་གཞུང་མ་ལག་གི་བང་མཐུག་པའི་མི་རིགས་ཤིན་ཡིན་ཡང་། དུས་ཀྱི་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཡུན་རིང་པོ་གསར་གཏོད་དང་འཕེལ་རྒྱས་ ཀྱི་སྐལ་བ་དབེན་ནས་ཡོད་སྟབས། དམ་པ་འདིས་བོད་ཀྱི་རྩོམ་རིག་སྔར་ལས་ལྷག་པའི་གསར་གཏོད་དང་གོང་འཕེལ་གཏོང་ རྒྱུའི་ཐུགས་འདུན་དང་ཆབས་ཅིག་པར། བོད་མི་རིགས་དང་རིག་གནས་ལ་ཤ་ཞེན་ཟབ་པའི་མཁས་པ་མང་པོ་ཞིག་དང་ལྷག་བསམ་གྱི་ ཀུན་སློང་གཅིག་ཏུ་སྦྲེལ་ཏེ། ཐུགས་འགན་ཆེར་བཞེས་དང་སྤོབས་པ་ ཆེར་བསྐྱེད་ཀྱིས་ཕྱི་ལོ ༡༩༨༠ལོར་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ་སོགས་བོད་མི་རིགས་གནས་སྡོད་ཀྱི་ས་ཁུལ་འགར་བོད་ཀྱི་རྩོམ་རིག་གསར་ རྩོམ་གྱི་བགྲོ་གླེང་ཚོགས་འདུ་འཚོགས་རྒྱུའི་དམིགས་དོན་ལས་སྒོའི་ཐད་བོད་ཁམས་ ཡོངས་ཀྱི་འབྲེལ་ཡོད་མི་སྣར་ཕན་ཚུན་ཞུ་གཏུགས་སྐུལ་སློང་མཛད་པ་སོགས་ཀྱི་སྣེ་ འཁྲིད་འོག ཕྱི་ལོ ༡༩༨༡ལོའི་ཟླ༨པར་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་ པོ་ཟི་ལིང་ནས་འཚོགས་ཐུབ་པ་བྱུང་། དེ་ནས་བཟུང་བོད་ཀྱི་རྩོམ་རིག་གསར་རྩོམ་ཐད་རིམ་པས་འཕེལ་རྒྱས་ཀྱི་གྲུབ་འབྲས་ ཕུན་སུམ་ཚོགས་པ་ཐོབ་པ་དང་འཐོབ་བཞིན་པའང་དམ་པ་ཁོང་གིས་ཐུགས་ཤུགས་ཡོད་རྒུ་ བཏོན་པའི་མཛད་རྗེས་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཁོང་ལ་མཚོན་ན་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་སྙན་ངག་གསར་རྩོམ་གྱི་ ལས་ལ་ཞུགས་ཏེ། སྐུ་ཚེ་ཧྲིལ་པོར་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ཕྱོགས་ལ་སྤྲོ་སྣང་གིས་གཞོལ་ ཞིང་། ཁོང་གི་རྩོམ་ཡིག་གིས་ལོ་རབས་འདི་དང་མི་རིགས་འདིའི་བསམ་བློའི་ལྟ་བ་དང་། འཚོ་བའི་ཁ་ཕྱོགས་སོགས་མཚོན་ཡོད་ལ། སྔ་ཕྱིར་ཁོང་གིས་དམངས་གླུ་ཕྱོགས་བསྒྲིགས་ < < གཉེན་སྟོན་གྱི་གླུ་ > > དང་། སྙན་རྩོམ་ཕྱོགས་བསྒྲིགས < < གངས་རི > > < < གངས་སེང་། > > < < གངས་ལྗོངས། > > < < གངས་དབྱངས། > > < < གངས་ལྗོངས་ཀྱི་ཉི་མ། > > དཔྱད་རྩོམ་ཕྱོགས་བསྒྲིགས < < གངས་སེང་དཀར་མོའི་ང་རོ > > རྣམ་ཐར་ < < གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག > > བཅས་བརྩམས་ཆོས་མང་པོ་པར་དུ་བསྐྲུན། མ་ཟད་ཁོང་གི་སྙན་རྩོམ < < ཉི་འོད་འབུལ་བའི་མི་ > > དང་། < < ཨ་མའི་སྙིང་ནས་གདམས་པའི་གླུ་ > > < < ཚེ་སྲོག་དར་རྒུད་ཀྱི་དབྱངས་རྟ། > > སྙན་དེབ < < གངས་སེང་དང་གངས་ལྗོངས > > < < གངས་ལྗོངས་ཀྱི་ཉི་མ་ > > < < གངས་སེང་དཀར་མོའི་ང་རོ་ > > རྣམ་ཐར་ < < གངས་ལྗོངས་མཚན་ཉིད་པའི་རྟོག་དཔྱོད་ཀྱི་མེ་ཏོག > > སོགས་ལ་བྱ་དགའ་ཡང་ཐོབ་བོ།
དཔལ་དོན་གྲུབ་རྒྱལ།
དཔལ་དོན་གྲུབ་ རྒྱལ་ནི་ཕྱི་ལོ་༡༩༥༣ལོའི་ཟླ་༥བར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་ སྐྱོང་ཁུལ་གཅན་ཚ་རྫོང་གི་དགུ་རོང་ཞེས་པའི་རི་སྡེར་སྐུ་འཁྲུངས་པ་དང་། དགུང་ལོ་བརྒྱད་ཀྱི་སྟེང་དེ་གའི་སློབ་ཆུང་དུ་ཞུགས་ཏེ་རིག་གནས་སྦྱང་འགོ་ བརྩམས། ཕྱི་ལོ་༡༩༦༤ལོར་རྨ་ལྷོ་ཁུལ་དགེ་ཐོན་སློབ་གྲྭར་ཕྱིན་ཏེ་ལོ་ལྔའི་རིང་དཀའ་ སྤྱད་སྡུག་རུས་བྱས་མཐར་ལེགས་པའི་འབྲས་བུ་ད་བཅས་མཚོ་སྔོན་མི་དམངས་ཀུན་ཁྱབ་ རླུང་འཕྲིན་ལས་ཁུངས་སུ་བགོས་ཏེ་རྒྱང་བསྒྲགས་ཀྱི་བྱ་བ་གཉེར། ཕྱི་ལོ༡༩༧༡ལོ་ནས་༡༩༧༥ལོའི་བར་རྒྱ་ནག་ཀྲུང་དབྱང་མི་རིགས་སློབ་གྲྭ ཆེན་མོའི་མི་རིགས་སྐད་ཡིག་རྩོམ་རིག་ཚན་ཁག་ཏུ་རྒྱ་བོད་ཡིག་སྒྱུར་གྱི་ལས་ལ་ སྦྱངས་པ་དང་། སློབ་མཐར་ཕྱིན་རྗེས་ཕྱིར་མཚོ་སྔོན་དུ་ལོག་སྟེ་རྒྱང་བསྒྲགས་ལས་ཁུངས་སུ་ཡིག་ སྒྱུར་དང་གསར་འགྱུར་འགོད་མཁན་གྱི་བྱ་བ་གཉེར། ཕྱི་ལོ་༡༩༧༨ལོར་རྒྱ་ནག་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་སྐད་ ཡིག་རྩོམ་རིག་ཚན་ཁག་གི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་དང་། ལོ་ངོ་གསུམ་རིང་ལ་བོད་ཀྱི་ལོ་རྒྱུས་དང་རྩོམ་རིག་གིས་གཙོས་པའི་རིག་པའི་གནས་ དུ་མར་ལེགས་པར་སྦྱངས་མཐར་གཡུར་དུ་ཟ་བའི་སྦྱངས་འབྲས་ལེགས་པར་སྨིན་ནས་རམས་ འབྱམས་པའི་གོ་གནས་ཐོབ། ཕྱི་ལོ་༡༩༨༡ལོ་ནས་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་ཞིང་། སྔ་ཕྱིར་སློབ་མ་བརྒྱ་ཕྲག་ལྷག་ལ་བོད་རིག་པའི་དཔེ་ཁྲིད་གནང་སྟེ་ཡོན་ཏན་གྱི་ བདུད་རྩིས་དེ་དག་ཚིམས་པར་མཛད། ཕྱི་ལོ་༡༩༨༤ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་ རྒན་དུ་གདན་དྲངས་པ་ལྟར་སློབ་གྲྭ ་དེ་གའི་དགེ་སློབ་རྣམས་ལ་བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་རིག་གཞུང་གི་དཔེ་ ཁྲིད་གནང་སྟེ་ཀུན་གྱི་བློ་སྒོ་ཡངས་པོར་ཕྱེས། ཁོང་གི་གསུང་རྩོམ་ནི་ < < ཐང་ཡིག་གསར་རྙིང་། > > བོད་བསྒྱུར་དང་མ་དང་ < < འབོད་རྩོམ་ཞོགས་པའི་སྐྱ་རེངས > > གཞན་ < < དཔལ་དོན་གྲུབ་རྒྱལ་གྱི་གསུམ་འབུམ > > ཞེས་པ་པོད་དྲུག་བཞུགས ཕྱི་ལོ་༡༩༨༥ལོའི་ཟླ་༡༡པའི་ཚེས་༢༩ཡི་མཚན་མོར་གྲོངས། མཁན་པོ་འཇིགས་མེད་ཕུན་ཚོགས་འབྱུང་གནས།