 |
| |
|
|
|
|
|
སྐུ་བཞིའི་གོ་འཕང་རིང་ནས་བརྙེས་པ་རྒྱལ་བའི་ཡབ་གཅིག་འཇམ་དཔལ་དབྱངས།།
དགའ་བཞི་བདེ་ཆེན་དབྱིངས་དང་འདྲེས་པ་དམར་ནག་འཇིཌ་པའི་གཤིན་རྗེ་ཚོཌ།།
ཆེ་བཞི་ལམ་གྱི་ཤིང་རྟའི་སྲོལ་འབྱེད་འཇམ་མགོན་བླ་མ་ཙོང་ཁ་པས། །
བདུད་བཞིས་བརླམས་པའི་སྙིགས་དུས་འགྲོ་ཀུན་སྙིང་རྗེ་ཆེན་པོས་བརླན་པར་ཤོག།
ཅེས་ཤིས་བརྗོད་ཀྱི་ལྷ་དར་དང་བདེན་སྤོབས་ཀྱི་རལ་གྲི་ལྷན་དུ་འཕྱར་ཏེ་ཅུང་ གླེང་བར་བྱ་བ་ནི། ལོ་ངོ་སྟོང་ཕྲག་ལྷག་གི་ཡིག་ཐོག་ལོ་རྒྱུས་ལྡན་པའི་ཁ་བ་ཅན་གྱི་མི་རིགས་འདིས་ འདས་པའི་ལོ་རྒྱུས་ནང་འཛམ་གླིང་འདིར་བསམ་བློ་དང་དངོས་པོའི་དཔལ་ཡོན་རིན་ཐང་ གཞལ་དུ་མེད་པ་བསྐྲུན་ཞིང༌། མི་རབས་ནས་མི་རབས་བརྒྱུད་འཛམ་གླིང་ཞི་བདེ་དང་སྐྱེ་འགྲོ་སྤྱིའི་བདེ་རྩའི་ ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་སོགས་ཡོད་ཚད་བློས་བཏང་བའི་ སྙིང་སྟོབས་ལ་འཛམ་གླིང་ཁྲོད་འགྲན་པའི་དོ་ཟླ་མེད་པ་ལྟ་བུར་གྱུར་ཡོད་ནའང༌། དུས་ངན་སྙིགས་མ་ལྔ་བདོའི་དབང་གིས་འཛམ་གླིང་ཐོག་རྒྱལ་ཁབ་དང་མི་རིགས་ཕན་ཚུན་ ཁྱོད་ཤི་ང་གསོན་གྱི་ཁེ་ཕན་འཕྲོག་རྩོད་ཀྱི་འཁྲུག་རྩོད་རྒྱུན་མ་ཆད་ཅིང༌། ཚན་རྩལ་དང་ཕྱིའི་དངོས་པོ་ཡར་རྒྱས་སོང་བ་དང་ཆབས་ཅིག་ནང་གི་ཉོན་མོངས་དུག་ གསུམ་བླ་ལྷག་ཏུ་འཕེལ་ཏེ། འཛམ་གླིང་དམག་ཆེན་དང་གཉིས་སོགས་སྐྱེ་འགྲོ་དུང་ཕྱུར་མང་པོ་ཕུང་ཞིང་སྡུག་ལ་ སྦྱོར་བའི་ཡ་ང་བའི་ཆག་སྒོ་རིམ་པར་བྱུང་བའི་བརྒྱུད་རིམ་ཁྲོད། རང་ཅག་བོད་རྒྱལ་ཁབ་འདི་ཡང་རིམ་གྱིས་མཐའ་འབྲེལ་རྒྱལ་ཁབ་གཞན་དག་གི་བཙན་འཛུལ་ དང་འཕྲོག་རྩོད་བྱ་ཡུལ་དུ་གྱུར་ཞིང༌། ཁྱད་པར་དེང་བོད་མི་རིགས་རིག་གཞུང་དང་བཅས་པ་འཛམ་གླིང་འདིའི་སྟེང་རྩ་སྟོང་དུ་ འགྲོ་ཉེན་ཆེ་བའི་ཛ་དྲག་གི་དུས་སྐབས་ཤིག་ཤར་ཡོད། དེ་ལྟའི་ཛ་དྲག་ཉེན་འགངས་ཆེ་བའི་དུས་སྐབས་འདིར། འཛམ་གླིང་ཞི་བདེའི་དེད་དཔོན་ྋགོང་ས་ྋརྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ ཆེན་པོ་མཆོག་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་བོད་ཁ་བ་ཅན་གྱི་སྐྱེ་འགྲོའི་བསོད་ནམས་ཀྱི་མགོན་དཔུང་དུ་སྤྲུལ་པའི་ ཟློས་གར་གྱི་རོལ་པ་རྒྱ་མཚོས་ས་གཞི་རིལ་པོ་འདི་དོགས་པར་མཛད་པ་དང༌། ནང་པ་སངས་རྒྱས་པའི་བྱམས་སྙིང་རྗེ་དང༌། ཐེག་པ་ཆེན་པོའི་བདག་ལས་གཞན་གཅེས་ཀྱི་ལྟ་སྤྱོད་ཟབ་མོའི་ཆོས་ཀྱི་བདུད་རྩིས་ འཛམ་གླིང་འཛིན་མའི་ཁྱོན་ཡོངས་བརླན་པར་མཛད་པས། ཀླ་ཀློ་རྒྱ་དམར་སྲིད་གཞུང་ཕུད་འཛམ་གླིང་ཐོག་རྒྱལ་ཁབ་དང༌། མི་རིགས། ཆོས་ལུགས། ལྟ་གྲུབ། ལས་གནས་སོགས་ཀྱི་དབྱེ་མཚམས་མེད་པར། མགོན་པོ་གང་ཉིད་ཀྱི་སྒོ་གསུམ་འཕྲིན་ལས་ཀྱི་རོལ་པ་ལ་བསྔགས་བརྗོད་དང་རྗེས་སུ་ ཡི་རངས་མི་བྱེད་མཁན་སུ་ཞིག་ཡོད། དེ་ལྟ་ནའང༌། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཞལ་བཞུགས་པའི་སྐབས་སུ་ལྷས་སྦྱིན་སོགས་ ལོག་པར་ལྟ་བ་འགའ་ཤས་ཤིག་བྱུང་སྟེ་ཐོ་བརྩམས་ཡོད་པ་ལྟར། སྣང་བའི་ལྡོག་ཕྱོགས་སུ་མུན་པ་དང༌། མུན་པ་མེད་ན་སྣང་བའི་གཟི་བྱིན་ངོམ་ཐབས་བྲལ་བའི་དཔེ་ལྟར། སྤྱི་ཚོགས་ཁྲོད་བཟང་ཕྱོགས་ཀྱི་དགྲ་ཟླའམ་བར་ཆད་རིམ་པར་འབྱུང་རྒྱུ་ཆོས་ཉིད་ ཡིན་ཞིང༌། སྐྱེས་མཆོག་དམ་པ་དེ་དག་གིས་སྐུ་ངལ་འབུམ་ཕྲག་ལ་གདོང་ལེན་མཛད་པའི་རྣམ་ཐར་ངོ་ མཚར་རྨད་དུ་བྱུང་བ་རྣམས་མེད་ན། སྐྱེས་མཆོག་དམ་པའི་ཁྱད་འཕགས་པའི་རང་བཞིན་སོ་སྐྱེས་ཕལ་པ་ལས་འབུར་དུ་མི་ཐོན་ ལ། ཕྱིས་འབྱུང་སྐྱེ་བོ་རྣམས་ལ་ལེགས་ཉེས་བླང་དོར་གྱི་ལམ་སྟོན་དུ་འགྱུར་དཀའ་ སྟབས། དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་རྙོག་གླེང་འདི་ཡང་ྋརྒྱལ་དབང་ལྔ་པ་ཆེན་ པོས་དབུས་པའི་རིས་མེད་སྐྱེས་ཆེན་དམ་པ་དག་གིས་གནས་ལུགས་རྒྱུ་མཚན་མཁྱེན་པའི་ སྒོ་ནས་འགོག་སྡོམ་མཐའ་གཅིག་ཏུ་གནང་བའི་ལོ་རྒྱུས་བརྒྱུད་རིམ་རྣམས་རང་ཅག་ རྗེས་རབས་རྣམས་ཀྱིས་ཤེས་པར་བྱ་རྒྱུ་དང༌། དམ་པ་དེ་དག་གི་རྨད་བྱུང་མཛད་འཕྲིན་ལ་སྲིན་བུ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ ཀྱི་དཔེ་ལྟར་རང་ནུས་གང་ཡོད་ཀྱིས་རམ་འདེགས་དང་རྗེས་སུ་ཡི་རངས་བྱ་རྒྱུ་ནི་ ཆོས་སྲིད་གང་ཅིར་རྣམ་དཀར་ལེགས་ཚོགས་ཀྱི་ས་བོན་བསྐྲུན་པའི་བགོ་སྐལ་དུ་འཁུམས། དེ་ལྟ་བུའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་ྋགོང་ས་སྐྱབས་མགོན་ཆེན་པོས་དོལ་ རྒྱལ་ཡོངས་གྲགས་དམ་བསྒྲགས་མཛད་པ་ནས་བཟུང༌། མདོ་སྨད་མི་དམངས་རྒན་གཞོན་ཚང་མ་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱབ་སྐྱོར་དང་ སྦྲགས་འདིའི་སྐོར་ལ་གྲོས་ཆོད་དང་གསལ་བསྒྲགས་རིམ་པར་སྤེལ་ཡོད་པ་མ་ཟད། རང་གཞུང་གི་མཛད་གཙོ་རྣམ་པས་གཙོས་པའི་གཞུང་སྒེར་སྡེ་ཚན་ཁག་ལ་ཐུགས་སྣང་འབོད་ བསྐུལ་རིམ་པར་ཞུས་ཤིང༌། ཁྱད་པར་ཕྱི་ལོ་༢༠༠༢ ཟླ་༧ ཚེས་༡༨ ཉིན་མདོ་སྨད་ཀྱི་མཁས་པ་དང་རྩོམ་པ་པོ་སོགས་ཤེས་ཡོན་ཅན་གྱི་མི་སྣ་བདུན་ཅུ་ ལྷག་བཞུགས་སྒར་དྷ་སའི་ཡོངས་གླིང་སློབ་གྲྭའི་ནང་བསྡུ་སྐོང་གིས་ལྷན་འཛོམས་ གནང་བའི་ཐོག་བགྲོ་གླེང་དང་བཀའ་བསྡུར་ལྷུག་བསྐྱངས་གནང་བའི་ཐོག དེ་སྔའི་གྲོས་ཆོད་འབྲུ་དོན་ལག་བསྟར་མཇུག་གནོན་དང༌། ྋགོང་ས་མཆོག་གི་དགོངས་གཞི་དང༌། བོད་དམངས་གཙོའི་སྲིད་གཞུང་གི་མཛད་བྱུས་ལ་ཕྱར་བ་གྲུ་འདེགས་ཀྱིས་རྒྱབ་སྐྱོར་ ཁ་ཡོད་ལག་ཡོད་ཅིག་ཞུ་ཆེད། དཔྱད་དེབ་འདི་འདྲ་ཞིག་རྩོམ་འབྲི་དགོས་པའི་སྤྱི་མོས་གྲོས་ཆོད་བཞག དེང་སྤྱི་སྒེར་མང་པོ་ཞིག་གིས་དོལ་རྒྱལ་སྐོར་ལ་གསལ་བཤད་དང་མཚང་འབྱིན་སོགས་ ཀྱི་རྩོམ་ཡིག་ཀྱང་མང་པོ་ཞིག་སྔ་ཕྱི་བར་གསུམ་དུ་ཐོན་འདུག་པའི་ཁྲོད། ལ་ལས་དོལ་རྒྱལ་བསྟེན་གསོལ་ལས་བྱུང་བའི་གནོད་པའི་སྐོར་དང༌། ལ་ལས་དོལ་རྒྱལ་ཕྱོགས་གཏོགས་པའི་བྱེད་སྤྱོད་སྐོར། ལ་ལས་ཕ་རོལ་བའི་འདོད་ཚུལ་ལ་ཐད་ཀར་དགག་རྒྱག ཡང་ལ་ལས་གནད་དོན་བྱེ་བྲག་པ་འགའ་ཞིག་གསལ་བཤད་དང་ར་སྤྲོད་སོགས་ཟུར་དང་རྣམ་པ་ མི་འདྲ་བའི་སྒོ་ནས་བྲིས་པའི་དཔྱད་དེབ་དང་དགག་དེབ་ཇི་སྙེད་ཅིག་ཐོན་འདུག་ ནའང༌། འདི་ལྟར་དོལ་རྒྱལ་རྗེས་འབྲངས་པའི་འཁྱོག་བརྗོད་དང་བཤད་ཡམས་རེ་རེར་ལན་འདེབས་ ཀྱི་དེབ་རེ་འདོན་གྱིན་བསྡད་ན་མི་རྒྱུ་དུས་གསུམ་ངལ་གྲོན་གྱི་རྒྱུ་ལས་མ་འདས་ པས། རྙོག་གཞི་འདིའི་འབྱུང་རྩ་དང༌། དུས་སྐབས་སོ་སོའི་འཕེལ་འགྲིབ་ཀྱི་གནས་སྟངས། སྐབས་བབ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་སོགས་ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར་དུས་ སྐབས་སོ་སོའི་དངོས་བྱུང་མི་སྣ་དང་དཔྱད་གཞི་དང་པོ་ཁག་གཙོ་བོར་བཟུང་སྟེ། ཕྱོགས་མང་མཉམ་འཇུག་གི་དཔྱོད་ཐབས་སྤྱད་དེ། རྙོག་གཞི་འདིའི་མགོ་མཇུག་བར་གསུམ་གྱི་གནས་ཚུལ་ཅུང་ཆ་ཚང་ཞིང༌། བརྒྱུད་རིམ་ལྡན་པའི་དཔྱད་དེབ་ཅིག་རྩོམ་སྒྲིག་བྱ་ཐུབ་པ་བྱུང་ན། དེང་དུས་ཀྱི་གཞོན་སྐྱེས་སྤྱི་དང་ཁྱད་པར་ཕྱིས་འབྱུང་མི་རབས་རྣམས་ནས་དེའི་ སྐོར་ཇི་བཞིན་མཁྱེན་རྟོགས་ཡོང་བ་དང༌། ལྟ་ཀློག་དང་འཚོལ་ཞིབ་བདེ་བའི་དགེ་མཚན་ཆེ་བར་བརྟེན། རྩོམ་སྒྲིག་དང་ཉམས་ཞིབ་ཚོགས་ཆུང་ཆེད་འཛུགས་ཀྱིས་ལས་གཞི་འདི་འགོ་འཛུགས་ཞུས་ པ་ཡིན། དཔྱད་དེབ་འདི་རྩོམ་འབྲི་བྱེད་པའི་བརྒྱུད་རིམ་ཁྲོད་གཤམ་གསལ་དོན་གནད་ཁག་ཅིག་ ལ་དམིགས་བསལ་རྩ་འཛིན་བྱས་ཡོད། ༡། དཔྱད་དེབ་འདིའི་རྩོམ་སྒྲིག་དང་ཉམས་ཞིབ་ཀྱི་རྒྱུ་ཆ་གདམས་གསེས་བྱེད་སྐབས། ལོ་རྒྱུས་ཀྱི་ནང་དོན་སོ་སོར་སྐབས་འབྲེལ་དཔྱད་གཞི་དང་པོའི་རིགས་གཙོ་བོར་ བཟུང་བའི་ཐོག །བརྗོད་གཞི་དང་ཐད་ཀར་འབྲེལ་བ་མེད་པའི་རྒྱུ་ཆའམ་དཔྱད་གཞི་ཁག་གིས་ཁ་གསབ་དང་ སྣོན་པ་བྱེད་པའི་ཐབས་ལམ་སྤྱད་ཡོད། ༢། ལོ་རྒྱུས་ཀྱི་དོན་དངོས་ལ་ཞིབ་འཇུག་བྱེད་སྐབས། ལོ་རྒྱུས་ཀྱི་བདེན་དཔང་ངམ་ཡིད་རྟོན་རུང་བའི་དཔྱད་གཞིའི་རིགས་ལ་བརྩི་འཇོག་ གིས་མཇུག་བསྡོམས་བྱས་ཡོད་པ་ལས། ངོ་སྲུང་དང་ཟོལ་བསྟོད་ཀྱི་ཚུལ་འཆོས་མཐའ་དག་སྤངས་ཏེ། རིག་གནས་ཉམས་ཞིབ་ཀྱི་ལྟ་གྲུབ་ཁོ་ནའི་སྒོ་ནས་ཞིབ་འཇུག་བྱས་ཡོད། ༣། ལོ་རྒྱུས་ཀྱི་དོན་གནད་བྱེ་བྲག་པ་ཞིག་ལ་ཞིབ་འཇུག་བྱེད་སྐབས། དཔྱད་གཞི་ཕྱོགས་རེ་བ་དང༌། དོན་རྐྱེན་བྱེ་བྲག་པ་རེ་རེར་དཔྱད་བརྗོད་མ་བྱས་པར། དུས་སྐབས་གཅིག་གམ། དེའི་སྔ་ཕྱིའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང༌། སྤྱི་ཚོགས་ཀྱི་གནས་བབ། མི་སྣའམ་ཕྱོགས་ཁག་ཕན་ཚུན་དབར་གྱི་འབྲེལ་བ་བཅས་ཕྱོགས་མང་ཟུར་མང་ནས་ལྟ་ཞིབ་ དང་མཚུངས་བསྡུར། ཕྱོགས་བསྡོམས་བཅས་ཀྱི་ཐབས་ལམ་སྤྱད་དེ། ལོ་རྒྱུས་ཀྱི་དོན་གནད་གསར་པ་བསྔོགས་ཞིབ་ཅི་ནུས་བྱས་ཡོད། ༤། གཞུང་དོན་སོ་སོར་འབྲེལ་བའི་ལུང་འདྲེན་རྣམས་ཀྱི་དཔྱད་ཁུངས་ཅི་ཡིན་ཀློག་མཁན་ རྣམས་ལ་ལྟ་བདེའི་ཆེད་ཤོག་ངོས་སོ་སོར་གཤམ་དུ་ཞབས་མཆན་ཨང་གྲངས་བཅས་བཀོད་ཡོད། ༥། དེབ་འདིའི་ནང་ལུང་འདྲེན་བྱས་པའི་ལུང་ཚིག་ཁག་ཅིག་ནང་ཡིག་ནོར་རེ་འགའ་མཐོང་ ཚུལ་བྱུང་ནའང༌། ཁུངས་སོ་སོར་ཇི་ལྟར་ཡོད་པ་རང་སོར་བཀོད་པ་ལས། ཞུ་དག་གི་ངལ་བ་བྱས་མེད། ༦། ལེ་ཚན་ནམ་ས་བཅད་ཆེ་ཁག་ཀློག་པ་པོའི་སེམས་ལ་ངེས་བདེའི་ཆེད་བརྗོད་གཞི་ནང་ཚན་ ལོགས་སུ་བཀར་ནས་བྲིས་ཡོད་པས། ལེ་ཚན་ཧྲིལ་པོའི་གོ་བ་རྙེད་པ་ལ་ནང་ཚན་བརྗོད་གཞི་རྣམས་ཧྲིལ་གྱིས་དྲིལ་ཏེ་ གཟིགས་རྒྱུ་ལས། ནང་ཚན་ཁེར་རྐྱང་ཞིག་གི་ཐོག་ནས་བརྗོད་དོན་ཧྲིལ་པོར་འཇུག་མི་རུང༌། དཔྱད་དེབ་འདི་རྩོམ་འབྲི་བྱེད་པའི་དུས་ཡུན་རིང་མདོ་སྨད་ཀྱི་ཤེས་ལྡན་སྤྱི་དང་ ཁྱད་པར་གཞོན་སྐྱེས་རྩོམ་པ་པོ་དུ་མ་ཞིག་གིས་སྐུ་ངལ་ཁྱད་བསད་ཀྱིས་དང་བླངས་ ཐོག་ལས་ལ་ཞུགས་ཏེ། དཔྱད་དེབ་འདི་མགོ་མཇུག་ཡོངས་སུ་རྫོགས་པར་བསྐྱར་ཞིབ་དང་བགྲོ་གླེང་ཐེངས་མང་ གནང༌། ཚང་མས་མཁྱེན་གསལ་ལྟར་དོལ་རྒྱལ་དང་འབྲེལ་བའི་རྙོག་གླེང་ནི་རྩ་བ་རིང་ཞིང་ཡན་ ལག་རྒྱས་པ། མངོན་སུམ་དང་ལྐོག་གྱུར་འདྲེས་མ། ལྷ་ཆོས་དང་ལོ་རྒྱུས་འདྲེས་མ། ཆོས་དང་སྲིད་ཀྱི་རྩ་ལག་རྐྱ་འཐབ་ནས་ཡོད་གཤིས། འདི་འདྲའི་རྙོག་གླེང་ལ་འཇུག་པའི་ཁྲོད་སྐྱོན་དང་ནོར་འཁྲུལ་མེད་པའི་སྔོན་མེད་ ལེགས་བཤད་གསར་པ་ཞིག་འབུལ་ཐབས་བྲལ་བས། དཔྱད་དེབ་འདིའི་ནང་དོན་གང་ཅིའི་ཐོག་རིན་ཐང་ལྡན་པའི་དགོངས་འཆར་གནང་བར་དགའ་ བསུ་ཞུ་རྒྱུ་བཅས། རྩོམ་སྒྲིག་ཚོགས་ཆུང་ཐུན་མོང་ནས། ཕྱི་ལོ་༢༠༠༦ ཟླ་༧ ཚེས་༦ ཉིན། |
|
| |
Central Executive Committee Of Dhomay |
www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org__ Email-dhomay2005@yahoo.co.in__ Ph-91-1892-220334
#