འཚོལ་བཤེར:
སྐབས་བཅུ་གསུམ་པའི་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ།
༄ ༅།།བོད་ལྗོངས་མདོ་སྨད་ཆོལ་ཁའི་དབུས་རྒྱུན་སྐབས་བཅུ་གསུམ་པའི་དམིགས་བསལ་ ཚོགས་ཆེན་ཐེངས་གཉིས་པ་ཕྱི་ལོ་༢༠༠༨ ཟླ ༡༡ ཚེས་ ༡༠ ནས་ ༡༢ བར་ཉིན་གསུམ་རིང་འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་དུ་དཔལ་ལྡན་༧སྐུ་སྒེར་ཡིག་ ཚང་ནས་བཀའ་སྤྱི་གཉིས་ལ་བསྩལ་བའི་ཕེབས་དགོངས། ༼བར་ལམ་བོད་ནང་ཛ་དྲག་གི་བྱུང་རྐྱེན་དང་། རྒྱལ་སྤྱིའི་གནས་བབ་བཅས་ཀྱི་འོག་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་བགྲོ་གླེང་ ཞིབ་ལྷོད་གནང་ཆེད༽ ཚོགས་འདུའི་སྤྱི་མོས་གྲོས་ཆོད་ཁག་གཤམ་གསལ། ༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ས་ཡ་དྲུག་གི་དོན་གྱི་བདག་པོ་ རྩོད་མེད་ལགས་པས་བོད་ཀྱི་རྩ་དོན་ཐག་གཅོད་ཀྱི་སྐུ་དབང་ཡང་ཆ་ཚང་ཡོད་ལ། བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ཉག་གཅིག་ཀྱང་ཡིན་ཕྱིར་ཁོང་གིས་མུ་མཐུད་ བོད་ཀྱི་རྩ་དོན་མཛད་འགན་བཞེས་རྒྱུར་གསོལ་བ་ཕུལ་ཚུགས་སུ་འདེབས་རྒྱུ་དང་། ཁོང་གི་དགོངས་གཞི་གཞིར་བཟུང་མུ་མཐུད་ཤར་བསྐྱོད་བྱ་དགོས། ད་ལྟའི་བོད་རྒྱའི་འབྲེལ་མོལ་གནས་བབ་འོག་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ གིས་ལངས་ཕྱོགས་དང་ལས་དོན་ཅི་གནང་ལ་མོས་མཐུན་རྒྱབ་སྐྱོར་ཡོད། ༢༽ བོད་ཀྱི་རྩ་དོན་ལ་༧གོང་ས་མཆོག་གི་སྐུ་ཕྱྭ་ལས་གལ་འགངས་ཆེ་བ་མེད་སྟབས་སྐུའི་ ཉེན་སྲུང་དང་། ལྷག་པར་དུ་དགུང་ལོའི་གནས་བབ་བཅས་ལ་གཞིགས་ཏེ་སྐུའི་འཕྲོད་བཞེས་དང་། མཛད་འཆར་སྒྲིག་ཕྱོགས་ལ་ཐུགས་སྣང་ཤུགས་ཆེ་གནང་གལ་ཙམ་མ་ཟད། གསན་བཞེས་ཡོང་པའི་གསོལ་འདེབས་ཞུ་དགོས། ༣༽༧གོང་ས་མཆོག་གི་དབུ་ཁྲིད་འོག་བོད་རྒྱ་འབྲེལ་མོལ་ལྷག་བསམ་རྣམ་དག་གིས་གནང་ བཞིན་པར་རྒྱ་གཞུང་གིས་ད་དུང་ཡང་ཚུལ་བཞིན་ཡ་ལན་མ་གནང་ཚེ་དེའི་མཇུག་འབྲས་ཅི་ བྱུང་རྒྱ་ནག་དབུས་གཞུང་ནས་འགན་འཁུར་དགོས། རྒྱ་གཞུང་གིས་དུས་བཀག་ངེས་ཅན་ནང་བོད་རྒྱ་ཞི་མོལ་དངོས་སུ་མ་གནང་ན། བོད་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་དང་ལས་དོན་བྱ་ཕྱོགས་ལའང་འགྱུར་བ་ཤུགས་ཆེ་ གཏོང་ངེས། ༤༽ བོད་ཀྱི་རྩ་དོན་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་གཞིས་བྱེས་གཉིས་སུ་མི་རིགས་ ཀྱི་ངོ་བོ་མ་བརླག་པའི་ཐོག་སྒྲིག་འཛུགས་ཁག་སྲ་བརྟན་རྒྱུན་འཁྱོངས་དང་། དེ་ཡང་ཐབས་བྱུས་ལྡན་པའི་འཆར་འགོད་གཞིར་བཟུང་ནུས་པ་ཐོན་པའི་ལས་འཆར་བཀོད་ སྒྲིག་ཞུ་དགོས། ༥༽ བོད་ཕྱི་ནང་གཉིས་སུ་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་གོ་རྟོགས་སྤྱི་དང་། སྒོས་སུ་༧གོང་ས་མཆོག་གི་དགོངས་གཞི་ལྟར་དབུ་མའི་ལམ་གྱི་གོ་དོན་ཇི་བཞིན་ཁ་ གསལ་ཁྱབ་སྤེལ་གནང་དགོས། ༦༽ འབྱུང་འགྱུར་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ནང་རྒྱལ་སྤྱིའི་གནས་བབ་སྤྱི་དང་ལྷག་ པར་བོད་རྒྱའི་གནད་དོན་རྒྱུས་མངའ་ཡོད་པའི་ཁར་རྒྱ་ཡིག་ཀྱང་ཤེས་པའི་མི་སྣ་གསར་ སྣོན་དགོས་རྒྱུར་འབྲེལ་ཡོད་ལ་འབོད་སྐུལ་ཞུ་དགོས། ༧༽ ཀྲུང་ཧྭ་མི་དམངས་དང་བོད་མིའི་བར་རྒྱུད་ལམ་འདྲ་མིན་ཐོག་འབྲེལ་བ་དམ་ཟབ་གང་ ལེགས་གཏོང་རྒྱུ་དང་བོད་ཀྱི་དངོས་ཡོད་གནས་སྟངས་འགྲེལ་བཤད་གང་ཐུབ་རྒྱག་དགོས། ༨༽ བོད་ནང་རྒྱ་ནག་གིས་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་སྤེལ་བ་དེ་མཚམས་འཇོག་ཡོང་བར་སྒོ་ཀུན་ནས་འབད་བརྩོན་ཐབས་ཤེས་བྱ་དགོས། ༩༽ བོད་དང་རྒྱ་ནག རྒྱལ་སྤྱིའི་གནད་དོན་ཁག་ལ་ཉམས་ཞིབ་བྱ་མཁན་གཞུང་སྒེར་གྱི་སྒྲིག་འཛུགས་ཚད་ལྡན་གང་མང་འཛུགས་དགོས། ༡༠༽ ༧གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་གཏོང་བ་དང་བོད་མི་ཚོར་ཉེས་མེད་སྐྱོན་ འཛུགས། བཙོན་འཇུག་དམར་གསོད་བྱས་དང་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་དེ་རིགས་དུས་ཐོག་ རྒྱ་ཁྱབ་གསལ་བསྒྲགས་དང་རྒྱལ་སྤྱིའི་ཁྲིམས་ཁང་སོགས་ལ་གཏུག་བཤེར་ཀྱི་ཐབས་ཤེས་ འཚོལ་དགོས། ༡༡༽ བོད་རྒྱའི་གནད་དོན་སེལ་ཕྱིར་རྒྱལ་ཁབ་གསུམ་པ་ཞིག་གིས་གཟུ་དཔང་བྱེད་པའི་ཐབས་ལམ་འཚོལ་དགོས། ༡༢༽ རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་ཆེད་འགྲོ་སོང་འབོར་ཆེན་བཏང་དང་གཏོང་ བཞིན་པའི་འུར་སྒྲོགས་བྱེད་པ་ལྟར། དེ་དག་གཞི་རིམ་བོད་མིར་དངོས་ཕན་ཅི་མཆིས་ཐད་རྒྱ་གཞུང་དང་བཙན་བྱོལ་བོད་གཞུང་ ཐུན་མོང་གི་རྟོག་ཞིབ་ཚོགས་ཆུང་ཞིག་འཛུགས་ཐབས་བྱེད་དགོས། ༡༣༽ བོད་ཀྱི་རྩ་དོན་དང་། བོད་གསར་འཛུགས་སྐྲུན་ཆེད་བཙན་བྱོལ་བོད་གཞུང་མང་གཉིས་ཀྱིས་དཔལ་འབྱོར་གྱི་མ་ དངུལ་ད་ལྟ་ནས་ཐབས་འཚོལ་གང་ཐུབ་གནང་དགོས། ༡༤༽ བོད་རྒྱ་འབྲེལ་མོལ་སྐབས་ཀྱི་གནད་དོན་ཁག་ངེས་པར་གསང་དགོས་རིགས་ལས་དུས་ཐོག་ཕྱི་གསལ་ནང་གསལ་གནང་དགོས། ༡༥༽ ༧སྐྱབས་གནས་བླ་སྤྲུལ་ཁག་གིས་ཀྱང་བོད་ཀྱི་རྩ་དོན་ཐོག་སྔར་ལྷག་ཐུགས་ཁུར་ཆེ་བཞེས་གནང་དགོས། ༡༦༽ བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་གཙོ་བོ་དྲ་རྒྱ་ཡིན་སྟབས་ཧི་མ་ལ་ཡའི་ཡིག་གཟུགས་སུ་གཅིག་གྱུར་ཡོང་ཐབས་བྱ་དགོས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་ལྗོངས་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༠༨ ཟླ ༡༡ ཚེས ༡༢ ལ།
 
༄༅། ཆོད་ཡིག་ཁག

Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
#