ཆོས་ སྐྱོང་དང་བསྟན་སྲུང་ཞེས་པ་ནི་སངས་རྒྱས་ཀྱིས་བསྟན་པའི་དམ་ཆོས་དང་དེར་འཛིན་ གྱི་སྐྱེས་བུ་རྣམས་ཚུལ་བཞིན་སྐྱོང་ཞིང་སྲུང་བར་མཛད་པའི་དམ་ཚིག་ལ་གནས་པའི་ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་ལ་ཟེར་ཞིང༌། རྒྱལ་བའི་བཀའ་མདོ་རྒྱུད་གཉིས་ལས་སངས་རྒྱས་དང་དཔལ་ཆེན་པོའི་ཧེ་རུ་ཀའི་འཕྲིན་ ལས་ཀྱི་སྤྲུལ་བར་བཞེངས་པའི་ཡེ་ཤེས་སྤྱན་ལྡན་གྱི་སྲུང་མ་དང༌། ལས་ལས་གྲུབ་པའི་འཇིག་རྟེན་དྲེགས་པའི་སྲུང་མ། གཞན་ཡང་རྫུ་འཕྲུལ་གྱི་ཆེ་བ་འབྱིན་པའི་སླད་དུ་གདུལ་བྱ་དྲེགས་པའི་ཚུལ་བཟུང་ པའི་སྒོ་ནས་གུས་པའི་སྲོག་སྙིང་ཕུལ་ཞིང་དམ་ལ་བཏགས། ལམ་རྒྱུད་ལྔས་བསྡུས་པའི་སེམས་ཅན་རྣམས་ལ་དང་པོར་ཁྲམ་ལ་གདབ་པ། བར་དུ་ཕུང་པོ་ལ་འཇུག་པ། མཐར་སྲོག་དབུགས་ལ་ལོངས་སྤྱོད་ཅིང༌། དགེ་སྡིག་གི་ཤན་འབྱེད། ལེགས་ཉེས་ཀྱི་སྟངས་འཛིན་པར་དབང་བསྐུར་བ་སོགས་ཡེ་ཤེས་པ་དྲེགས་པའི་ཚུལ་བཟུང་ བ་ལ་སོགས་པའི་ཆོས་སྐྱོང་བསམ་གྱིས་མི་ཁྱབ་པ་ཡོད། སྤྱིར་ཆོས་སྐྱོང་ཞེས་པའི་སྒྲ་ནི་མདོ་ལུགས་ལྟར་བརྗོད་ན་རྒྱལ་བའི་བསྟན་པ་ འཛིན་སྐྱོང་སྤེལ་གསུམ་བྱེད་པའི་བསྟན་འཛིན་གྱི་སྐྱེས་བུ་ལའང་གོ་སྟེ། སྟོན་པ་ཐུབ་པའི་དབང་པོ་འཕགས་པའི་གནས་བརྟན་བཅུ་དྲུག་དང་བཅས་པ་མཆོད་པའི་ཆོ་ག་ བཤད་སྒྲུབ་བསྟན་པའི་སྒྲོན་མེ་ལས། འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། ། སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག ། གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ། ། ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། ། ཞེས་དང༌། སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང༌། ། གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང༌། ། ཁྱད་པར་ཅན་གྱི་འཕྲིན་ལས་ཆོས་སྐྱོང་བའི། ། གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། ། བདེར་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་བསྲུང༌། ། ཞེས་དེ་བཞིན་གཤེགས་པའི་བཀའ་ལ་ཞུགས་ཤིང༌། དམིགས་པ་མེད་པའི་ཆོས་ཀྱིས་ངེས་པར་འབྱུང་བ། འཁོར་དགྲ་བཅོམ་པ་ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་དང་བཅས་པའི་བདག་པོ་འཕགས་ པ་གནས་བརྟན་ཆེན་པོ་བཅུ་དྲུག་ལ་ཆོས་སྐྱོང་དང་བསྟན་སྲུང་གི་མཚན་གྱིས་འབོད་པ་ ནི་བདེ་བར་གཤེགས་པའི་བཀའ་ལུང་ཆེད་གཉེར་གྱིས་སྲུང་བའི་ཆ་ནས་ཡིན་ལ། བཀའ་སྡོད་རྒྱལ་བོ་ཆེན་པོ་སྡེ་བཞིའི་དཔུང་ཚོགས་དང་བཅས་པ་ནི་བསྟན་དང་དེར་ འཛིན་གྱི་སྐྱེས་བུ་ཐམས་ཅད་ལ་སྲུང་ཞིང་སྐྱོབ་པའི་བྱ་ར་མཛད་པའི་ཆ་ནས་བསྟན་ སྲུང་དུ་མཚན་ཆགས་པ་ཡིན། དེ་ཡང་རྒྱུད་སྡེ་གོང་འོག་ལས་བྱུང་བའི་བདེ་མཆོག་དང༌། ཀྱཻ་རྡོར། གསང་འདུས། དུས་འཁོར། གུ་རུ་དྲག་དམར། ཕུར་བ། རྟ་མགྲིན་སོགས་ཡི་དམ་གྱི་ལྷ་ཚོགས་རྣམས་དང༌། དེ་དག་གི་སྤྲུལ་བ་ཡང་སྤྲུལ་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་ཡོད་པ་ལས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་པ་རྒྱལ་བ་ཐམས་ཅད་ཀྱི་སྤྱི་གཟུགས་དཔལ་འཁོར་ལོ་ སྡོམ་པའི་ཐུགས་ལས་སྤྲུལ་བ་སྟེ། རྡོ་རྗེ་མི་སྐྱོབ་པའི་རིགས་ལས་བྱུང་བའི་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་བའམ་ བདེ་བྱེད་མགོན་པོ་དང༌། སྟོབས་འཕྲོག་ནག་པོ་ཆེན་པོ་ཞལ་བཞི་བ་རྣམ་གཉིས། སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་སྤྲུལ་བ་གུར་མགོན་རྡོ་རྗེ་ནག་པོ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཉིད་ཀྱི་ཡེ་ཤེས་ཀྱི་རང་སྣང་བཋ་ཧེ་རུ་ཀ་དང༌། རསྒྲན ་ཧེ་རུ་ཀ པདྨ་ཧེ་རུ་ཀ ཀརྨ་ཧེ་རུ་ཀ་བཞིར་ཤར་བའི་ནང་ཚན་ཀརྨ་ཧེ་རུ་ཀ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ ཉིད་འཇིག་རྟེན་སྐྱོང་བའི་སྐུར་བཞེངས་པ་ཚུལ་ཁྲིམས་ཀྱི་བསླབ་པའི་སྲུང་མ་རྒྱལ་ ཆེན་རྣམ་ཐོས་སྲས་དང་ཉང་གཏེར་མགོན་པོ་ཕྱག་བཞི་བའི་རྩ་རྒྱུད་ལས། པདྨ་ཧེ་རུ་ཀའི་སྤྲུལ་བ་སྟེཿ བཙན་གྱི་རྒྱལ་བོ་རྫུ་འཕྲུལ་ཅནཿ ནུབ་ཕྱོགས་གནམ་ས་ཕྱེད་ཀྱི་བདགཿ རྡོ་རྗེ་ལེགས་པའི་དབང་བསྐུར་རོཿ ཞེས་པདྨ་ཧེ་རུ་ཀའི་སྤྲུལ་པར་གསུངས་པའི་སྐྱེས་བུ་ཆེན་པོ་དམ་ཅན་རྡོ་རྗེ་ལེགས་ པ། བཅོམ་ལྡན་འདས་བདེ་མཆོག་ཧེ་རུ་ཀ་དང་མྱུར་མཛད་མ་ཧཱ་ཀཱ་ལའི་རྣམ་འཕྲུལ་བདུད་ མགོན་ཆེན་པོ་རང་ལྷ་རྒྱལ་མཚན་སོགས་ཀྱིས་མཚོན་རང་རེའི་ཆོས་རྒྱུད་ཁག་གིས་ བསྟེན་པའི་ཆོས་སྲུང་རྣམས་ཏེ། སྔ་འགྱུར་རྙིང་མ་བས་བསྟེན་པའི་སྔགས་སྲུང་ཨེ་ཀ་ཛ་ཏི་དང༌། གཟའ་བདུད་ཆེན་པོ་ཁྱབ་འཇུག་ར་ཧུ་ལ། དམ་ཅན་རྡོ་རྗེ་ལེགས་པ། ས་སྐྱ་པས་བསྟེན་པའི་གུར་མགོན་ལྕམ་དྲལ་ལྷ་རྒྱལ་དང༌། མགོན་པོ་ཕྱག་བཞི་པ། ནོར་སྐྱོང་དུར་བདག་ཡབ་ཡུམ། བཀའ་བརྒྱུད་པས་བསྟེན་པའི་དཔལ་མགོན་ཞལ་བཞི་པ་དང༌། མགོན་པོ་བེར་ནག་ཅན། ལྷ་སྨན་ཚེ་རིང་མཆེད་ལྔ༌། དགེ་ལུགས་པས་བསྟེན་པའི་མགོན་པོ་ཕྱག་དྲུག་པ་དང༌། རྒྱལ་ཆེན་རྣམ་ཐོས་སྲས། དམ་ཅན་ཆོས་ཀྱི་རྒྱལ་པོ་སོགས་གྲུབ་མཐའ་སོ་སོས་བསྟེན་ཚུལ་ཤུགས་ཆེ་ཆུང་གིས་ བརྗོད་པ་ལས་ཅིག་ཤོས་ཀྱིས་བསྟེན་པའི་སྲུང་མ་ཅིག་ཤོས་ཀྱིས་མི་བསྟེན་པ་ནི་མ་ ལགས་སོ། ། དེ་ཡང་དམ་ཅན་སྟོན་པའི་རྒྱུད་སྡེ་རིན་པོ་ཆེ་ཚད་མར་གྱུར་པ་དག་ན་རྒྱལ་བ་རྡོ་ རྗེ་འཆང་གིས་རང་དང་དགོངས་པ་མཉམ་པར་གསུངས་ཤིང༌། དེ་ཡང་བླ་མས་འདུལ་བ་རྣམས་ལ་ནི་བླ་མའི་སྐུར་བསྟན། ཡི་དམ་ལྷས་འདུལ་བ་རྣམས་ལ་ནི་རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་ལྷར་ བསྟན། མཁའ་འགྲོ་ཆོས་སྐྱོང་གི་འདུལ་བ་རྣམས་ལ་ནི་མཁའ་འགྲོ་ཆོས་སྐྱོང་གི་སྐུར་བསྟན་ ནས་འཕྲིན་ལས་རྣམ་པ་བཞི་གང་ལ་གང་འདུལ་གྱི་སྒོ་ནས་བསྟན་པ་བསྲུང་ཞིང་སྐྱོང་བ་ དང༌། གདུལ་བྱ་སྨིན་ཅིང་གྲོལ་བར་མཛད་པའི་ཚུལ་བསམ་གྱིས་མི་ཁྱབ་པའི་ནང་ནས་ཆོས་ཀྱི་ སྐུ་ལས་མ་གཡོས་བཞིན་དུ་བསྟན་པ་གཉན་པོ་བསྲུང་བའི་ཆོས་སྐྱོང་དྲག་པོའི་སྐུར་ བསྟན་པ་ཡང་གྲངས་དང་མཐའ་མི་དཔོག ཁྱད་པར་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་ དྲུག་པ་དང༌། མགོན་པོ་ཕྱག་བཞི་བ་སོགས་མགོན་པོའི་རིགས་སོགས་དང༌། རྡོ་རྗེ་ཆོས་སྲུང་ཚད་མར་གྱུར་པ་ཐམས་ཅད་ཀྱི་མེས་པོ་ལེགས་ལྡན་དབང་ཕྱུག་ཆེན་ པོ་སོགས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་གྱི་རོལ་བ་འབའ་ཞིག་ལས་ བྱུང་བའི་རྒྱལ་བའི་བཀའ་སྡོད་ཀྱི་སྲུང་མ་ཡིན་ཏེ། ཤ་འུག་གཏེར་བྱོན་ཐུགས་རྗེ་ཆེན་པོའི་བཀའ་སྲུང་ལེགས་ལྡན་དམར་པོའི་བསྟོད་པ་ལས། བདེ་ཆེན་དབང་གི་དཀྱིལ་འཁོར་ནསཿ དཔལ་ཆེན་ཁྲག་འཐུང་རྟ་མཆོག་དཔལཿ ཐུགས་རྗེ་ཆེན་པོའི་རོལ་བ་ལསཿ གུ་ལང་ཆེན་པོ་ལྷ་ཡི་ལྷཿདབང་ཕྱུག་ཤྲིའ་རལ་བ་ཅནཿ ཞེས་འཕགས་མཆོག་སྤྱན་རས་གཟིགས་དང་རྟ་མགྲིན་གྱི་རྣམ་སྤྲུལ་དུ་གསུངས་ཤིང༌། ཟ་མ་ཏོག་བཀོད་པའི་མདོ་ལས། འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱིས་འཇིག་རྟེན་རྣམས་འདུལ་བའི་ཕྱིར་ དུ། དབང་ཕྱུག་དང༌། ཚངས་པ་དང༌། ཁྱབ་འཇུག་དང༌། ཉི་ཟླ་དང༌། དབྱངས་ཅན་མ་རྣམས་སུ་སྤྲུལ་བར་གསུངས་ཤིང༌། རིགས་གསུམ་མཚན་མའི་རྒྱ་ཅན་ལས་ཀྱང༌། ངེད་ཅག་རིགས་གསུམ་མགོན་པོ་ཞེས། ། སོ་སོར་སྣང་ཡང་ངོ་བོ་གཅིག ། སངས་རྒྱས་རྣམས་ཀྱི་སྙིང་རྗེ་དང༌། ། ཤེས་རབ་ནུས་མཐུས་སོ་སོར་བསྟན། ། ཞེས་དེ་བཞིན་གཤེགས་པ་རྣམས་ཀྱི་མཁྱེན་རབ་དང༌། ཐུགས་རྗེ་དང་ནུས་མཐུ་རྣམས་ལས་སམ། སྐུ་གསུང་ཐུགས་ལ། འཇམ་དཔལ། སྤྱན་རས་གཟིགས། གསང་བའི་བདག་པོ་གསུམ་དུ་ཤར་བས་ན། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་གསུམ་པོ་ལས་མ་འདས་པས་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་ མཁའ་འགྲོ། ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བདག་ཉིད་དམ་ཁྱབ་བདག་ཆེན་པོར་གྲུབ་སྟེ། དཀྱིལ་འཁོར་ཆེན་པོའི་འཁོར་གྱི་དཔའ་བོ་དང་མཁའ་འགྲོ་ཐམས་ཅད་དཔལ་ཧེ་རུ་ཀ་ཡབ་ ཡུམ་དུ་འདུས་ཤིང༌། ཡུམ་ཡང་ཡབ་ཀྱི་ཆོ་འཕྲུལ་ལས་ཤར་བས་དགོངས་པ་རོ་གཅིག་ཅིང༌། དེ་ལྟར་རྡོ་རྗེ་ཆོས་སྲུང་ཚད་ཐུབ་ཕལ་ཆེར་སྤྱན་རས་ཀྱི་སྤྲུལ་བ་ཡིན་པ་བཞིན་དུ། འཇམ་དཔལ་དང་གསང་བའི་བདག་པོའི་སྤྲུལ་བར་ཡང་ལུང་རིགས་གཉིས་ཀས་གྲུབ་ལ། རིགས་གསུམ་མགོན་པོ་ནི་སྟོན་པ་རྡོ་རྗེ་འཆང་རང་ཉིད་ལས་ལོགས་སུ་མེད་དེ། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། ། རང་གི་ཚོགས་ལྡན་ཉན་པོ་ང༌། ། འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། ། འཇིག་རྟེན་འཇིག་རྟེན་འདས་པ་ང༌། ། ཞེས་གསུངས། དེ་བཞིན་དུ་འཇམ་དཔལ་སྐུ། པདྨ་གསུང༌། ཡང་དག་ཐུགས། བདུད་རྩི་ཡོན་ཏན། ཕུར་པ་འཕྲིན་ལས། མ་མོ་རྦོད་གཏོང༌། འཇིག་རྟེན་མཆོད་བསྟོད། དམོད་པ་དྲག་སྔགས། རིག་འཛིན་སློབ་དཔོན་ཏེ་དཔལ་ཆེན་གཙོ་དགུའི་ལྷ་ཚོགས་དང༌། ཞི་བ་བཞི་བཅུ་རྩ་གཉིས། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་དམ་པ་རིགས་བརྒྱ། བདེ་ཀྱེ་དུས་འཁོར་གསང་འཇིགས་སོགས་ཀྱིས་མཚོན་ཏེ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ གྱི་འཁོར་ལོ་བསྟན་པ་འདི་ནི་ཇི་ལྟར་སྤྲུལ་བར་མཛད་པ་ཐམས་ཅད་དང་རྒྱུད་གཅིག་ ཅིང༌། དེ་བཞིན་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་པོ་ཐམས་ཅད་ཐུགས་རྒྱུད་ གཅིག་པར་གྲུབ་སྟེ། དེ་ཐམས་ཅད་ཀྱང་འཕགས་པ་ཐུགས་རྗེ་ཆེན་པོའི་རྣམ་རོལ་འབའ་ཞིག་ཏུ་གསུངས་པའི་ ཕྱིར་ཏེ། ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌། ། སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང༌། ། གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། ། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ཞེས་སྤྱན་རས་གཟིགས་ཀྱི་ཆོ་ག་ཞིབ་མོ་ལས་གསུངས་པའི་ཕྱིར་རོ། ། དེ་ལྟར་ཐུགས་རྗེ་ཆེན་པོ་བདེ་གཤེགས་ཀུན་འདུས་ཀྱི་བཀའ་སྲུང་འཇིག་རྟེན་གྱི་ དབང་ཕྱུག་ཆེན་པོ་ལ་སོགས་པའི་གདུལ་བྱ་རྣམས་དཔལ་ཆེན་པོའི་སྤྲུལ་པ་ཡིན་པར་གང་ གིས་ཤེས་སྙམ་ན། འགྲེལ་བ་ལུང་བསྟན་ལས། དེ་བཞིན་གཤེགས་པ་ཉིད་ཀྱིས་ཚུལ་དུ་བསྟན་པ་རིག་པར་བྱ་སྟེ། དེ་ལ་དགོངས་པ་དང་དགོས་པ་ཅི་ཡོད་ཅེ་ན། རང་རྒྱུད་པའི་གོལ་ས་དགག་པ་དང༌། ཆེ་བའི་མཐུའི་ཚད་བསྟན་པའི་དགོས་པ་དང༌། ནང་དུ་བདུད་བཞི་བཏུལ་བའི་རྟགས། ཕྱི་རོལ་དུ་བསྟན་པ་འབྲེལ་ཏེ་ཞེས་གསུངས་ཤིང༌། རྫུ་འཕྲུལ་གྱི་ཆེ་བ་འབྱིན་པའི་སླད་དུ་གདུལ་བྱའི་ཚུལ་བཟུང་བའི་དྲེགས་པ་སོ་ སོའི་ལོ་རྒྱུས་ཀྱི་སྐབས་ལས་བྱུང་བའི་མཐུ་སྟོབས་འདི་དག་འཇིག་རྟེན་རང་རྒྱུད་ པ་ལ་ཡོད་པ་མ་ཡིན་ཏེ། སྤྲུལ་པ་ཡིན་པ་ལ་སོམ་ཉི་བྱ་མི་དགོས་སོ། །དཔལ་ཆེན་པོས་སྤྲུལ་པའི་རུ་དྲའམ། གདུལ་བྱའི་གཙོ་བོ་ཞིང་འདིའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམས་བཏུལ་དུས་སུ་ དཔལ་ཆེན་པོའི་གདུལ་བྱའི་ཡུལ་དུ་གྱུར་པའི་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་ སྲིད་གསུམ་གྱིས་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་ཐམས་ཅད་དུས་གཅིག་ཏུ་ འདུས་ཏེ་མགྲིན་གཅིག་ཏུ། བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། ། དཔའ་བོ་ཆེན་པོའི་འབངས་སུ་མཆི། ། དཔའ་བོ་ཆེན་པོས་བདག་ཅག་ལ། ། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ། ཞེས་ཞུས་པས། དཔལ་ཆེན་པོས་དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན། རྡོ་རྗེའི་མིའི་སྲིང་མོ་ཞེས་བྱ་བ་ལ་སོགས་པའི་རང་རང་གི་མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་ཆེན་པོའི་གསེར་ཁྱམས་ཀྱི་ཕྱི་རོལ་ཏུ་ཁྲག་ཁྱམས་ལ་རང་རང་གི་ལས་ བསྐོས་ཏེ་འགོད་པར་མཛད་དུས། ཡུལ་འཁོར་བསྲུང་དང༌། འཕགས་སྐྱེས་པོ། སྤྱན་མི་བཟང༌། རྣམ་ཐོས་སྲས་ཏེ་རྒྱལ་ཆེན་བཞི། ཤར་ཕྱོགས་སྐྱོང་བ་བརྒྱ་བྱིན། ལྷོ་ཕྱོགས་སྐྱོང་བ་གཤིན་རྗེ། ནུབ་ཕྱོགས་སྐྱོང་བ་ཆུ་ལྷ། བྱང་ཕྱོགས་སྐྱོང་བ་གནོད་སྦྱིན། ཤར་ལྷོ་སྐྱོང་བ་མེ་ལྷ། ལྷོ་ནུབ་སྐྱོང་བ་སྲིན་པོ། ནུབ་བྱང་སྐྱོང་བ་རླུང་ལྷ། བྱང་ཤར་སྐྱོང་བ་དབང་ལྡན། སྟེང་ཕྱོགས་སྐྱོང་བ་ཚངས་པ། འོག་ཕྱོགས་སྐྱོང་བ་ས་ལྷ་སྟེ་ཕྱོགས་སྐྱོང་བཅུ། ཁྱབ་འཇུག མ་ཧཱ་དེ་བ། བྷ྄རིང་གི་རི་ཏི། དགའ་བྱེད་དབང་ཕྱུག གཞོན་ནུ་སྨིན་དྲུག་གམ་གདོང་དྲུག ཚོགས་བདག་གླང་སྣ། མ་ཧཱ་ཀ་ལ། ས་ལ་པ་ཏྲ་སྟེ་ལྷ་ཆེན་བརྒྱད། མཐའ་ཡས། འཇོག་པོ། སྟོབས་རྒྱུ། རིགས་ལྡན། ནོར་རྒྱས། དུང་སྐྱོང༌། པདྨ་དང༌། པདྨ་ཆེན་པོའམ་ཆུ་ལྷ་སྟེ་ཀླུ་ཆེན་བརྒྱད། ཉི་མ། ཟླ་བ། མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། སྒྲ་གཅན་ནམ་ར་ཧུ་ལ་སྟེ་གཟའ་ཆེན་བརྒྱད། གནོད་སྦྱིན་ལག་ན་རྡོ་རྗེ་ཅན་བཞི་དང༌། ཧ་རི་ཀ པཉ྄ཙི་ཀ ན་རྟི་ཀ གནོད་སྦྱིན་འཕྲོག་མ་སྟེ་གནོད་སྦྱིན་བརྒྱད་དམ། ཛམ་བྷ་ལྷ། གང་བ་བཟང་པོ། ནོར་བུ་བཟང་པོ། ཡང་དག་ཤེས། ཀུ་བེ་ར། ལྔ་རྩེན། འབྲོག་གནས། པི་ཙི་ཀུབྱྜ་ལི་སྟེ་གནོད་སྦྱིན་བརྒྱད། སྨིན་དྲུག སྣར་མ། མགོ། ལག་པ། ནབས་སོ། རྒྱལ། སྐག མཆུ། བྲེ། སྦོ། མེ་བཞི། ནག་པ། ས་རི། སག ལྷ་མཚམས། སྣོན། སྣྲུབས། ཆུ་སྟོད། ཆུ་སྨད། བྱི་བཞིན། མོན་གྲུ། མོན་གྲེ། ཁྲུམས་སྟོད། ཁྲུམས་སྨད། ནམ་གྲུ། ཐ་སྐར། བྲ་ཉེ་སྟེ་རྒྱུ་སྐར་ཉེར་བརྒྱད་ཀྱི་སྟེང་དུ། ཉི་ཟླ་དང་ཚངས་པ། བརྒྱ་བྱིན་ལོགས་སུ་བགྲངས་པས་དཔལ་མགོན་བདུན་ཅུ་རྩ་བདུན་ལྷ་ཆེན་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་བརྒྱད། རྒྱལ་ཆེན་བཞི། ཕྱོགས་སྐྱོང་བཅུ། འཇིགས་བྱེད་དགུ། རྒྱུ་སྐར་ཉེར་བརྒྱད་སྟེ་བདུན་ཅུ་རྩ་ལྔ། འཇིགས་བྱེད་དགུ་ནི། བླ་མ་དགོངས་འདུས་དྲེགས་པའི་སྲོག་དབང་ཆེན་མོ་ལས། བཀའ་ཉན་ལས་བྱེད་འཇིགས་བྱེད་དགུ་པོ་ནི། འཇིགས་བྱེད་ཆེན་པོ་མཐིང་ནག་ཁ་ཊཱཾ་འཛིནཿ བྲ་ནི་ཏ་ནི་མདོག་དཀར་རིན་ཆེན་འཛིནཿ འཇིགས་བྱེད་སྔོ་ནག་རྡོ་རྗེ་རྩེ་གསུམ་འཛིནཿ ཀ་སེ་ར་བི་དམར་ནག་ཐོད་དབྱུག་འཛིན། བེ་ར་ས་ནི་ལྗང་ནག་འཁོར་ལོ་འཛིནཿ བེ་ཤན་ཏ་ནི་དམར་ནག་མདའ་གཞུ་འཛིནཿ བི་ཏི་སྔོ་ནག་ལག་ན་དགྲ་སྟ་འཛིནཿ ཀཱ་ར་བྷེ་རི་ངུར་སྐྱ་རལ་གྲི་འཛིནཿ གྷ་ན་པ་ཏི་སྔོ་སྐྱ་གྲི་གུག་འཛིནཿ ཀུན་ཀྱང་ཁྲོ་གཏུམ་འཇིགས་པའི་ཆ་ལུགས་འཛིནཿ ཞེས་གསུངས། ལྷ་སྲས་ཀྱི་རྣམ་སྤྲུལ་མི་དབང་སངས་རྒྱས་རྒྱ་མཚོས་བཞེངས་པའི་གནས་ཆུང་ལྕོག་གི་ ལོགས་བྲིས་སུ་དགེ་སློང་འཇམ་དབྱངས་གྲགས་པས་ལྗགས་བཀོད་གནང་སྟེ། འཇིགས་བྱེད་ཀུ་བེ་ར། འཇིགས་བྱེད་ཆེན་པོ། པྲ་མི་ཏ་བི་ཤནྟ། ག་ན་པ་ཏི། བྷེ་ར་ཝ། ཡེ་ཤེས་བྷེ་ར་ཝ། བི་ཏི་ཞེས་འཇིགས་བྱེད་དགུའི་མཚན་བྱང་དུ་གནང་འདུག ཕྱོགས་སྐྱོང་བཅུའི་སྟེང་དུ། ཉི་ཟླ། ཉེ་དབང༌། ཚོགས་བདག ཐགས་བཟང་རིས་ལྔ་བསྣན་པས་ཕྱོགས་སྐྱོང་བཅོ་ལྔ། དབང་ཕྱུག་ཆེན་པོ། ཨུ་མ་དེ་བིའ། འཆི་བདག་གཤིན་རྗེ་ནག་པོ། སྐྱེ་འགྲོ་སྲོག་གི་བདག་མོ། སྲིད་པའི་རྒྱལ་མོ། ཨེ་ཀ་ཛ་ཊི། བསྐོས་རྗེ་བྲང་དཀར། བདུད་མོ་རེ་མ་ཏི། པེ་ཧར། ཚངས་པ། རྡོར་ལེགས་པ། ཁྱབ་འཇུག རཀྵ་ཟློག་འཕྲེང༌། སྦལ་མགོ་ཁྲག་མིག་ཡཀྶྐྱ ་་་་མེ་དབལ། མོན་མོ་ནག་མོ། མགོན་པོ་མ་ཧཱ་ཀཱ་ལ། ཞང་བློན་རྡོ་རྗེ་བདུད་འདུལ། སྐྲག་མེད་ཉི་ཤར། གུ་ལང་ནག་པོ། ཡར་ལྷ་ཤམ་བྷོ། ནམ་སྨན་ཐོག་གི་བུ་ཡུག སྤྱི་བདུད་གུ་དུཾ་རྩེ། བྲག་བཙན་སྲོག་ཟན་དམར་པོ། གནམ་ཐེ་དཀར་པོ། ཡཾ་ཤུད་དམར་པོ། བི་ན་ཡ་ཀ ནག་མོ་མགྱོགས་བྱེད། ཀླུ་བདུད་མགོ་དགུ། ཀླུ་མོ་ཡཀྶྐྱ ་་་་ནག་མོ་སྟེ་དྲེགས་པའི་སྡེ་དཔོན་སུམ་ཅུ། ནོར་རྒྱུན་མ། ཟླ་འོད་མ། སྦྱིན་མ། རབ་སྦྱིན་མ། འཕགས་མ། རབ་བཟང་མ། སྦས་མ། མཛེས་མ། དབྱངས་ཅན་མ་སྟེ་གནོད་སྦྱིན་མོ་དགུ་དང༌། དགའ་བྱེད་མ། འདྲེན་བྱེད་མ། གཟི་བརྗིད་མ། ཁྲོ་གཉེར་མ། གསོད་བྱེད་མ། སྤོར་བྱེད་མ། འབར་བྱེད་མ། འཇོམས་བྱེད་མ། ཆགས་བྱེད་མ། ཆགས་བྲལ་མ། འཁོར་ལོ་མ། རྒྱས་འདེབས་མ། སྣ་ཚོགས་ལུས་ཅན་མ། སྲུང་བ་མ། གནོད་སྦྱིན་མ། ཡང་དག་འཕྲོག་མ། བྱ་རོག་གདོང་མ། འཇིགས་བྱེད་མ། བྱ་རྒོད་གདོང་མ། བཞད་གདོང་མ་ཞེས་ཀྱང་བཤད། འུག་གདོང་མ། ཁྱི་གདོང་མ། ཕག་གདོང་མ། རྔ་མོ་གདོང་མ། བོང་གདོང་མ། ར་གདོང་མ། རུས་འཆའ་མ། སེང་གདོང་མ། ཅེ་སྤྱང་གདོང་མ། བུམ་སྣ་མ། རྣམ་འཇོམས་མ། ངྷ་ཤ་གྲྀ་ཝ་མ། འབོད་སྒྲོགས་མ་སྟེ་མཁའ་འགྲོ་སུམ་ཅུ་རྩ་གཉིས། འབར་མ། ཀློག་སྤྲིན་མ། སྐར་མདའ་འཕེན་མ། སྲིན་མོ་རླུང་ནག རླུང་མོ་ལྕེ་འབེབས་མ། གནོད་སྦྱིན་འཁྱུགས་ཐོགས་མ། བ་གླང་སྣ་མ། མིག་འབྱིན། སྙིང་བསྲེགས་མ་སྟེ། འབར་མའམ་སྤོར་མ་བརྒྱད། རྡོ་རྗེ་ཀུན་གྲགས་མ། རྡོ་རྗེ་ཀུན་བཟང་མ། རྡོ་རྗེ་ཀུན་གསལ་མ། རྡོ་རྗེ་ཡེ་ཤེས་མ། རྡོ་རྗེ་འོད་ཆགས་མ། རྡོ་རྗེ་འོད་འཕྲོ་མ། རྡོ་རྗེ་གཡུ་སྒྲོན་མ་སྟེ་མ་མོ་བདུན། གླིང་བཞི་མགྱོགས་མ་ལྷ་ཡི་སྲིང༌། །མཁའ་ལ་ཁྱུང་ལྡིང་གཤིན་རྗེའི་སྲིང༌། །དམར་མོ་གཡག་ཐོད་ཀླུ་ཡི་སྲིང༌། །ནག་མོ་སྡེར་ཆེན་གནོད་སྦྱིན་སྲིང་སྟེ་སྲིང་མོ་བཞི། རྡོ་རྗེའི་རིགས་ཀྱི་ཕོ་ཉ་དྲུག་ཅུ། རིན་པོ་ཆེའི་རིགས་ཀྱི་ཕོ་ཉ་དྲུག་ཅུ། པདྨའི་རིགས་ཀྱི་ཕོ་ཉ་དྲུག་ཅུ། ལས་ཀྱི་རིགས་ཀྱི་ཕོ་ཉ་དྲུག་ཅུ། སངས་རྒྱས་རིགས་ཀྱི་ཕོ་ཉ་དྲུག་ཅུ་སྟེ་སྤྱིར་དྲིལ་བས་ཕོ་ཉ་སུམ་བརྒྱ་སོགས་དེ་ དུས་ཀྱི་འཇིག་རྟེན་གྱི་མཐུ་བོ་ཆེ་མཐའ་དག ཐབས་དང་བཀོད་པ་སྣ་ཚོགས་པས་གདུལ་བྱར་གྱུར་པ་ཐམས་ཅད་དུས་གཅིག་ལ་འདུལ་བར་མཛད་ དོ།། དེའི་ཕྱིར་འགའ་ཞིག་ཏུ་སྒྲུབ་སྡེ་བཀའ་བརྒྱད་ཀྱི་རྣམ་པ་དང༌། འགའ་ཞིག་ཏུ་བདེ་མཆོག་འཇིགས་བྱེད་རྣམ་པར་སྣང་མཛད་ལ་སོགས་པའི་རྣམ་པ། ལ་ལར་རྨེ་བ་བརྩེགས་པ་དང༌། ལེགས་ལྡན་ལ་སོགས་པའི་རྣམ་པར་བཞེངས་ཏེ་རུ་དྲ་དང་དབང་ཕྱུག་བཏུལ་ཚུལ་བསམ་གྱིས་ མི་ཁྱབ་པ་ཞིག་གསུངས་པ་ནི་བཀོད་པ་ཐ་དད་དུ་བསྟན་པ་ཡིན་ནོ། །འདོད་ཁམས་ཀྱི་བདག་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཡང་སྟོན་པས་གཤིན་རྗེ་ གཤེད་ཀྱི་སྐུར་བཞེངས་ནས་བཏུལ་ཏེ་བྱང་ཆུབ་ཀྱི་ལམ་ལ་འགོད་པར་མཛད་པའི་ལོ་ རྒྱུས་རྒྱས་པར་མཆིས་ནའང༌། སྐབས་འདིར་ཡང་བཏུལ་བར་ཁས་ལེན་དགོས་པས་ན་དོན་དུ་སངས་རྒྱས་ཀྱི་ས་ལ་སྤྱོད་པ་ ཡིན་པར་སོམ་ཉི་མི་དགོས་པས་ན་བདུད་རང་མཚན་པར་བཟུང་ནས་སྐུར་བ་འདེབས་པར་མི་ བྱའོ། ། དེས་ན་འཇིག་རྟེན་སྐྱོང་བ་ཆེན་པོ་འདི་དག་ནི་རྡོ་རྗེ་འཆང་དང་དགོངས་པ་མཉམ་པར་ སངས་རྒྱས་ཀྱི་སར་གཤེགས་པ་ཤ་སྟག་ཡིན་པ་ལུང་རིགས་གཉིས་ཀས་གྲུབ་པ་ཡིན། དཔེར་ན་ཕྱོགས་སྐྱོང་བཅུའི་ནང་ཚན་གྱི་སའི་ལྷ་མོ་བརྟན་མ་དེ་ནི་གསར་རྙིང་གི་ རྒྱུད་སྡེ་ཐམས་ཅད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། ། སྤྱོད་པའི་ཚུལ་དང་ཁྱད་པར་གྱི། ། ས་དང་ཕ་རོལ་ཕྱིན་པ་ལ། ། ལྷ་མོ་ཁྱོད་ནི་དཔང་དུ་གྱུར། ། ཅེས་བསྔགས་པའི་ལྷ་མོ་དེ་ཉིད་ཡིན་ལ། ས་ཆེན་པོ་འདི་ལ་དེའི་ཕོ་བྲང་རྟེན་དང་བཅས་པས་མ་ཁྱབ་པ་གཅིག་ཀྱང་མེད་ཅིང༌། དེ་བཞིན་དུ་མེ་ཐམས་ཅད་ལ་མེ་ལྷ། ཆུ་ཐམས་ཅད་ལ་ཆུ་ལྷ། རླུང་ཐམས་ཅད་ལ་རླུང་ལྷ་འབྱུང་བ་དེ་དག་གིས་ཁྱབ་ཅིང༌། དེར་མ་ཟད་འབྱུང་བ་ལྔའི་ལྷ་མོ་ནི་ངེས་དོན་དུ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་ཡུམ་ལྔ་ཡིན་པ་སྣོད་བཅུད་ཐམས་ཅད་ ལ་དེས་མ་ཁྱབ་པ་གཅིག་ཀྱང་མེད་པས། འབྱུང་བ་གང་དང་གང་མཐོང་བ་ན་ལྷ་དང་ལྷ་མོ་དེ་དག་གི་རྟེན་དང་བརྟེན་པའི་བདག་ ཉིད་དུ་བསམ་ཞིང༌། དེ་ཐམས་ཅད་ཀྱང་ཡང་དག་པའི་ཡེ་ཤེས་ཀྱི་རོལ་བར་ལྟ་བའི་དག་དྲན་གྱི་སྒོ་ནས་གསོལ་ བ་འདེབས་པ་དང༌། དངོས་གྲུབ་བསྐུལ་བ་སོགས་བགྱིས་ན། སྣང་སྲིད་ཐམས་ཅད་དག་པ་རབ་འབྱམས་སུ་འཆར་ཞིང་འཕྲིན་ལས་དང་དངོས་གྲུབ་ཐམས་ཅད་ འབད་མེད་དུ་འབྱུང་བ་གསང་སྔགས་ཟབ་མོའི་ལུགས་ཀྱི་དགོངས་དོན་མཐར་ཐུག་ཡིན་ནོ། ། གཞན་ཡང་གཤིན་རྗེ་ཡམརཙ། བདུད་སྐོས་རྗེ་བྲང་དཀར། སྲིན་པོ་གློག་འཕྲེང་ནག་པོ་གནོད་སྦྱིན་ཡཀྶྐྱ ་་་་མེ་དབལ་སོགས་སྡེ་དཔོན་སུམ་ཅུ་ནི་ནུབ་བྱང་མཆོད་བསྟོད་དྲེགས་པའི་དཀྱིལ་ འཁོར་གྱི་ལྷ་ཚོགས་ཡིན་ཞིང༌། གཤིན་རྗེ་འཆི་བདག་ནག་པོ། བདུད་མེའི་ཁ་རླངས་ཅན། སྲིན་པོ་གསོད་བྱེད་འབར་བ། གནོད་སྦྱིན་གང་བ་བཟང་པོ་སོགས་སྡེ་དཔོན་འཇིགས་བྱེད་བཅུ་ནི། དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཚོགས་བཞུགས་པ་དང༌། ཡམརཙ། མྱོས་བྱེད་འབར་བ། ཨཱརྱ་མ་རུ་རྩེ། རལ་བ་ཚར་དགུ་སྟེ་གཤིན་རྗེ་བཞི་དང༌། འཆི་བདག་བཅུ་གཉིས། སྲོག་བདག་དཀར་པོ་སྙིང་འབྱིན་ལ་སོགས་པའི་སྒོ་སྐྱོང་བཞི་སོགས་འཇམ་དཔལ་གཤིན་ རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་སུ་བཞུགས་པ་དང༌། གནས་ཀྱི་གཽ་རི་མ་བརྒྱད། ཡུལ་གྱི་ཕྲ་མེན་མ་བརྒྱད། སྒོ་སྐྱོང་སྲིན་མོ་ཉི་ཤུ་རྩ་བརྒྱད་ལ་སོགས་པ་ཡང་དག་ཐུགས་ཀྱི་ལྷ་ཚོགས་སུ་ བཞུགས་པ་དང༌། ཕུར་སྲུང་མ་མོ་བཅུ་གཉིས། གིང་གསུམ་ལ་སོགས་པ་དཔལ་ཆེན་ཕུར་བའི་ལྷ་ཚོགས་སུ་བཞུགས་པ་བཅས་སྔགས་རྙིང་མའི་ ཁུངས་ཤིན་ཏུ་མང་ཞིང༌། དེ་བཞིན་དུ་ཕྱོགས་སྐྱོངས་བཅོ་ལྔ་སོགས་དཔལ་མགོན་བདུན་ཅུ་རྩ་ལྔ་པོ་ཐམས་ཅད་ སྔགས་གསར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་མང་པོར་བཞུགས་པའི་ཁུངས་ཤིན་ཏུ་མང་ཡང་ རྒྱས་པར་མ་སྤྲོས་སོ། ། དེ་ཡང་མོ་རྒྱུད་ཀྱི་ལྷ་ཚོགས་རྣམས་ལས་དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ་གཅིག རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང༌། རྡོ་རྗེ་ཕག་མོ་དང༌། གསང་བའི་ཡེ་ཤེས་དང༌། རྗེ་བཙུན་མ་སྒྲོལ་མ་དང༌། དབྱངས་ཅན་མ་ལ་སོགས་ཏེ་དཀྱིལ་འཁོར་རྒྱ་མཚོ་སྤྲོ་དང་སྡུད་པའི་བྱེད་པོ་དམ་པར་ གྱུར་པ་དཔལ་ལྡན་ལྷ་མོ་སྔགས་ཀྱི་སྲུང་མ་ཨེ་ཀ་ཛ་ཊི་དབྱིངས་ཀྱི་ཡུམ་ཆེན་ཞེས་ ཡེ་ཤེས་ཀྱི་མ་མོའི་ཆ་དང༌། འདོད་ཁམས་དབང་ཕྱུག་དུད་སོལ་མ་དང༌། དཔལ་ལྡན་ལྷ་མོ་ནག་མོ་རེ་མ་ཏི། སྨུག་ནག་ཁྲོས་མ་ར་ཀ་གདོང༌། མ་མོ་སྲིད་པའི་རྒྱལ་མོ། དུང་སྐྱོང་རྒྱལ་མོ། འབར་བ་ཙཎ྄ཊ་ཀ་མ། མ་མོ་ཙ་མུན་ཏྲི། དུས་མཚན་འོད་ཆེན་འབར་མ། པརྞ་ཤ་ཝ་རི་སོགས་རྗེ་མོའི་རྣམ་པ་དང༌། མ་གཅིག་དམག་གི་རྒྱལ་མོ་རེ་མ་ཏི་དང༌། མི་ཕམ་ཁྲོ་གཉེར། གཤིན་རྗེ་དམར་འདབ་ཕུར་བའི་ལྷ་མོ། ཁོལ་མོ་རེ་མ་ཏི། ཡ་མཚན་འཕྲུལ་གྱི་གཤོག་པ། སྲིད་གསུམ་བློ་ཕྲོག་ལ་སོགས་པ་ཁོལ་མོའི་རྣམ་པ་སྟེ། ལས་ཀྱི་མ་མོའི་ཚུལ་བཟུང་སྟེ། མིང་བརྒྱ་མཚན་སྟོང་དུ་གྲགས་པ་སྲིད་པ་གསུམ་གྱི་བདག་མོར་གྱུར་པ་འདི་ནི་མདོ་ རྒྱུད་ཐམས་ཅད་ལས་རྒྱ་ཆེར་གསུངས་པས་རྒྱས་པར་མ་སྤྲོས་སོ།། དེས་ན་དཔལ་ལྡན་ལྷ་མོ་འདི་ནི་ཡུན་རིང་པོ་ནས་ཀུན་ཏུ་བཟང་པོའི་སྤྱོད་པའི་ དཀྱིལ་འཁོར་གྱིས་ཐམས་ཅད་མཁྱེན་པ་ཉིད་བརྙེད་དུ་ཟིན་ཀྱང༌། ཇི་སྲིད་སེམས་ཅན་གྱི་ཁམས་ཐམས་ཅད་མ་དུལ་གྱི་བར་དུ་བྱང་ཆུབ་སེམས་དཔའི་ས་ལས་ ཀྱང་མི་གཡོ་བར་བསྟན་པ་བསྲུང་ཞིང་བསྟན་འཛིན་སྐྱོང་བ་ལ་ཟླ་མེད་པའི་འཕྲིན་ལས་ ཀྱི་དབང་ཕྱུག ཐར་པ་འདོད་པ་རྣམས་ཀྱི་མགོན་སྐྱབས་དང་དཔུང་གཉེན་དམ་པར་བཞུགས་པ་ཡིན་ཞིང༌། བསྟན་མ་བཅུ་གཉིས་དང་ཚེ་རིང་མཆེད་ལྔ་ནི་གཏེར་ལུང་མང་པོ་ན་གཅིག་པར་གསུངས་ལ། བརྟན་མ་བཅུ་གཉིས་པོ་འདི་དག་སྤྱིའི་གཙོ་མོ་ནི་བཀྲ་ཤིས་ཚེ་རིང་མ་ཡིན་པར་ཉང་ གཏེར་བརྟན་མའི་མདོས་ཆོག་སོགས་ལས་གསུངས། ངེས་པའི་དོན་དུ་དཔལ་ཆེན་པོ་ཧེ་རུ་ཀའི་བཀའ་འཁོར་དུ་གནས་ཤིང༌། དཀྱིལ་འཁོར་ཡོངས་ཀྱི་སྲུང་མར་བཞེད་ལ། གཏེར་ཕྱོགས་ཁུངས་ལྡན་ཆེས་མང་པོར་འདི་རྣམས་ཕྱི་ནང་གི་དུས་སྦྱོར་དག་པ་དང༌། བདེན་དོན་བཅུ་གཉིས་ཀྱི་ངོ་བོ་ཉིད་དང༌། སྨན་མོའམ་དཀར་མོ་རྣམས་ཤྭ་ན་མ། བདུད་མོའམ་ནག་མོ་གཞི་བདག་ཉིད་མ། གནོད་སྦྱིན་མའང་དམར་མོ་གཞི་བསེ་མོ་སྟེ་ཕུར་སྲུང་བཅུ་གཉིས་ཀྱང་འདི་དག་གོ། བདེ་མཆོག་གི་མ་མོ་བཅུ་གཉིས་གཟུགས་གཞན་དུ་བསྒྱུར་བར་བཤད་ཅིང༌། སྣང་ཚུལ་ཐུན་མོང་གི་སྐྱེ་རྒྱུད་ལྟ་ནའང༌། སློབ་དཔོན་ཆེན་པོ་བོད་ཡུལ་དུ་མ་ བྱོན་པའི་གོང་ནས། གྲུབ་ཆེན་ནག་པོ་སྤྱོད་པ་སོགས་ལས་དབང་དང་གདམས་ངག་ནོད་དེ་རིམ་གཉིས་ཀྱི་ལམ་ གྱིས་རྒྱུད་ཡོངས་སུ་དག་ཟིན་པར་རྗེ་མི་ལས་མགུར་འབུམ་སོགས་ལས་ཤེས་ལ། ཕྱིས་སུ་གུ་རུ་ཨོ་རྒྱན་ཆེན་པོས་རྒྱ་བལ་གྱི་མཚམས་ཨ་སུ་རའི་བྲག་ཕུག་ཏུ་མ་མོ་ འདི་རྣམས་ཞིང་ལྤགས་ཀྱི་སྟན་ལ་བཀོད། རྡོ་རྗེ་ལག་ཏུ་གཏད། བདུད་རྩི་ལྕེ་ལ་བླུད་ནས་རྡོ་རྗེ་བོད་ཁམས་སྐྱོངས་སོགས་རྡོ་རྗེའི་མིང་གིས་ དབང་བསྐུར་ནས་བསིལ་ལྗོངས་འདིའི་སྣོད་བཅུད་གཉིས་ཀ་གཉེར་གཏད་མཛད་པ་ཡིན་ནོ།། དེས་ན་གུ་རུ་ཨོ་རྒྱན་ཆེན་པོ་དང་མི་ལ་བཞད་པའི་རྡོ་རྗེ་དག་ལ་ཐོ་བརྩམས་པ་སོགས་ ནི་གང་ཡིན་ཟེར་ན། དེ་ནི་དམ་པ་དེ་དག་གི་ཆེ་བ་འདོན་པའི་ཆེད་དུ་ཡིན་པའི་གནད་ཀྱང་ཤེས་པར་བྱའོ། ། སྤྱིར་མཁན་སློབ་ཆོས་གསུམ་གྱིས་བོད་ཡུལ་དུ་བསྟན་པའི་སྲོལ་ཐོག་མར་བཙུགས་པའི་ སྐབས་སུ། དགེ་བསྙེན་ཉེར་གཅིག་སྟེ། གཉན་ཆེན་ཐང་ལྷ་རྡོ་རྗེ་མཆོག་རབ་དང༌། ཏི་སེ་རྡོ་རྗེ་གངས་དཀར། རྨ་རྒྱལ་སྦོམ་ར། མང་མཁར་གངས། བུ་ལེ་གངས། བྱང་སྟར་མོའི་གངས། ཕོ་མ་གངས་ཇོ། སྐུ་ལྷ་ཁ་རི་གངས། གཙང་གི་ཇོ་མོ་ཁ་རག་གངས། རྡོ་རྗེ་གང་བ་བཟང་པོ། རྒྱལ་རྩེ་དུམ་གངས། ལ་ཕྱི་གངས། སྣ་ནམ་གངས། ཏི་སྒྲོ་གངས། འོ་དེ་གུང་རྒྱལ། ཡར་ལྷ་ཤམ་པོ། གསལ་རྗེ་གངས། ཧོ་བ་གངས་བཟང༌། ཙ་རི་རྡོ་རྗེ་བདུལ་འདུལ། ཀོང་པོ་ལའི་གངས་ཏེ་དགེ་བསྙེན་ཉེར་གཅིག་པོ་འདི་དག་ནི་གངས་ལྗོངས་སྤྱིའི་སྲུང་ མར་བསྐོས་ཡོད་པ་མ་ཟད། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་སོགས་ཀྱིས་བསྟེན་པའི་ སྲུང་མ་སྟེ། གཉན་ཆེན་ཐང་ལྷ་དང༌། ཡར་ལྷ་ཤམ་པོ། གཙང་ལྷ་བྱོལ་ཡུག སྲོག་ལྷ་གངས་དཀར། སྒྱོག་ཆེན་སྡོང་ར། དོག་ལྷ་བྱང་རྩེ། ཅོག་ལྷ་མཚལ་རྩེ། གངས་དཀར་གཡུ་རྩེ། སུམ་རི་གཉན་པོ། འཛུམ་ཆེན་སྡོང་ཁྲམ། དབྱིས་ཆེན་རབ་ངེར། འབྲི་ཆེན་སྡོར་ངུ༌། འོ་དེ་གུང་རྒྱལ་བཅས་ཡིན་ཞེས་རྫོགས་ཆེན་མཁས་དབང་ཆེན་པོ་པདྨ་རིག་འཛིན་གྱིས་ མཛད་པའི་ཆོས་ཀྱི་རྣམ་གྲངས་རྒྱ་མཚོའི་གཏེར་ལས་གསུངས་ཤིང༌། ཡང་འདྲེན་ཚུལ་གཞན་ཞིག་ནི་སྲིད་པ་ཆགས་པའི་ལྷ་དགུའི་སྟེང་དུ། ཇོ་བོ་མཆིམས་ལྷ་དང༌། ཇོ་བོ་ངོས་གསུམ། ཇོ་བོ་གཡའ་སྤང༌། ཇོ་བོ་ཁུག་ལྷ་བཅས་བཞི་བསྣན་པའི་རྗེ་ཡི་མགུར་ལྷ་བཅུ་གསུམབོད་ཀྱི་བཙན་པོ་ རྣམས་ཀྱིས་མགུར་བཞེངས་པའི་སྐབས་མཚན་ནས་བསྟོད་པར་མཛད་པའི་ལྷ་ཆེན་བཅུ་ གསུམསོགས་ཀྱང་སློབ་དཔོན་ཆེན་པོས་དམ་འོག་བཙུད་དུས། ཁྱོད་ཀྱི་བྲན་བྲན་བགྱིའོ། །ཕ་ཉ་དང་གཡོག་བགྱིའོ། །སླད་བཞིན་དུ་འབྲང་ངོ༌། །ཅི་བསྒོ་བ་ཉན་ནོ། །ཞབས་ཏོག་འཚལ་ལོ་ཞེས་དང༌། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བགྱིད་པ་དང༌། རྣལ་འབྱོར་བའི་དབུ་འཕང་སྨོད་པ། དམ་ཚིག་ཁྱད་དུ་གསོད་པ་རྣམས་གསད་པར་བགྱིའོ། །བརླག་པར་བགྱིའོ། །རབ་ཏུ་གཞོམ་པར་བགྱིའོ། །ཞེས་ཁས་བླངས་པའི་དཀར་ཕྱོགས་ཆོས་ལྡན་སྐྱོང་བའི་ཡུལ་ལྷ་གཉན་པོ་ཤ་སྟག་ཡིན། ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་པེ་ཧར་ཞེས་གྲགས་པ་འདི་ནི་ངེས་དོན་དུ་དེ་བཞིན་ གཤེགས་པ་རིགས་ལྔའི་ངོ་བོར་བཞུགས་ཀྱང༌། ཐུན་མོང་གདུལ་བྱའི་སྣང་ངོར་རྒྱལ་བོ་ཆེན་པོ་སྐུ་ལྔའི་རྣམ་འགྱུར་སོགས་སྡེ་ བརྒྱད་ཀྱི་བཀོད་པ་ཇི་སྙེད་ཅིག་སྟོན་པར་མཛད་པ་ལས། འཁོར་སྤྲུལ་པ་བརྒྱ་ཕྲག་བརྒྱད་དང་བཅས་པས་སློབ་དཔོན་ལ་ཉམས་སད་པས་སློབ་དཔོན་ གྱིས་སྲོག་སྙིང་བཞེས་ཤིང༌། རྡོ་རྗེ་ལག་ཏུ་གཏད། མནའ་ཆུ་བླུད། དམ་ཤིང་སྤྱི་བོར་བཞག རིགས་ལྔའི་ཕྱག་རྒྱས་དབང་བསྐུར་ཏེ་བསམ་ཡས་ལ་སོགས་བོད་ཀྱི་གཙུག་ལག་ཁང་རྣམས་ ཀྱི་དཀོར་སྲུང་དུ་བཀོད། སྤྱིར་ཚངས་པ་དུང་ཐོད་ཅན་དང་གནོད་སྦྱིན་གང་བ་བཟང་པོ། བདུད་ཧ་ནུ་བག་ཤ། བཙན་རྗེ་ཡམ་ཤུད་དམར་པོ། དྲེགས་པ་ལྕམ་སྲིང་ངམ་བེག་ཙེ། ཁྱབ་འཇུག་ར་ཧུ་ལའམ་གཟའ་མོན་པ་ཀེ་ཏ་སོགས་ཐམས་ཅད་ཀྱང་རྒྱལ་པོ་ཆེན་པོ་འདི་ཉིད་ གཅིག་པར་ཡིན་པ་རྒྱུད་མང་པོ་ལས་གསུངས་པར་ལྟར་རོ། །དེ་རྣམས་ནི་ཐེག་དམན་གྱི་ལུགས་ལ་རྒྱུན་ཞུགས་སུ་གནས་པ་དང༌། ཐེག་ཆེན་ཐུན་མོང་གི་ལུགས་ལ་ས་བརྒྱད་པའི་བྱང་ཆུབ་སེམས་དཔའི་ཚུལ་དུ་བྱོན་པའི་ ལོ་རྒྱུས་ཡིན་ལ། ཡང་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལོ་རྒྱུས་ནི། རྒྱལ་བ་རྡོ་རྗེ་འཆང་ཆེན་པོས། རྒྱུད་སྡེ་ཆེན་པོ་བཞིའི་དཀྱིལ་འཁོར་སྤྲུལ་བཤད་མཛད་པའི་ཚེ། དཀྱིལ་འཁོར་ཐམས་ཅད་དུ་དབང་བསྐུར། གསང་བའི་མཚན་བཏགས། རྒྱུད་གཏད། བསྟན་པ་བསྲུང་བར་བཀའ་བསྒོས་གཉེར་དུ་གཏད། སྐབས་ལ་ལར་ཆོས་སྐྱོང་བསྟན་སྲུང་དུ་མཛད། ལ་ལར་ཕོ་བྲང་གི་ནང་གི་ལྷའི་གྲངས་སུ་བཞུགས། ལ་ལར་དཀྱིལ་འཁོར་གྱི་གཙོ་བོར་བཞུགས་ནས་དབང་བསྐུར་བ་དང༌། རྒྱུད་སྟོན་པ་སོགས་མཛད། ལ་ལར་རྒྱུད་སྡུད་པ་པོ་མཛད་པ་སོགས་མདོར་སྟོན་པ་རྡོ་རྗེ་འཆང་གི་གང་ལ་གང་འདུལ་ གྱི་སྤྲུལ་བའི་ཟློས་གར་ཡིན་ཏེ། ཀྱེ་རྡོ་རྗེ་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། ། འཁོར་ཀྱི་ཚོགས་ལྡན་ཉན་པའང༌། ། ཞེས་གསུངས་པ་ལྟར་གོ་དགོས་པས་དེ་བཞིན་གཤེགས་པའི་རྣམ་སྤྲུལ་འབའ་ཞིག་ཏུ་ངེས་ ཤིང༌། ཐུན་མོང་གདུལ་བྱའི་ངོར་ཡང་སྟོན་པའི་སྤྱན་སྔར་བསླབ་པའི་གཞི་ནོས་ཤིང༌། དཀྱིལ་འཁོར་ཆེན་པོ་དུ་མར་སྨིན་པར་མཛད་པས། ལས་དང་པོ་པ་ཞིག་གི་དབང་དུ་བགྱིས་ཀྱང་སྟོན་པས་དཀྱིལ་འཁོར་དུ་བཅུག་ནས་ད་ལྟ་ ཡན་ཆད་ལ་ཕལ་བའི་སྐྱེ་བ་བཅུ་དྲུག་སྒྲོལ་ངེས་ཀྱི་ཚོད་ལོངས་པས་དེང་སང་རིག་ འཛིན་ཆེན་པོའི་ས་བརྙེས་པར་སུ་ཞིག་ཐེ་ཚོམ་ཡོད་དེ་མེད་དོ། །རྒྱུད་ཀྱི་ཁུངས་རྣལ་མ་རྣམས་ལས་ཡེ་ཤེས་པ་རྣམས་ནི་སྨོས་ཅི། ལས་ལས་གྲུབ་པའི་བཙན་དང༌། རྒྱལ་པོ། འབྱུང་པོ་གང་ཞིག་ཡིན་ཀྱང་སྟོན་པ་རྡོ་རྗེ་འཆང་དང༌། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། རིག་འཛིན་ཆེན་པོ་པདྨ་འབྱུང་གནས་དག་གིས་སྲོག་གི་སྙིང་པོ་བཞེས། རྡོ་རྗེ་སྙིང་གར་བཞག བདུད་རྩི་ལྕེ་ལ་བླུད། གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་དམ་ལ་བཞག དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པའི་སྲུང་མ་ཁྱད་པར་ཅན་ཞིག་ ཡིན་ན་ཡེ་ཤེས་པའི་ངོ་བོར་གྲུབ་པར་སྨྲ་ཅི་ལ་དགོས། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ཇི་སྐད་དུ། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། ། སྐྱེ་བ་བཅུ་དྲུག་དག་ན་འགྲུབ། ། ཞེས་གསུངས་པས་དམ་ཚིག་དང་སྡོམ་པ་ལ་སྐྱོན་མ་བྱུང་བའི་རྒྱུ་མཚན་ཡང་དག་སྟེ། རང་ཅག་མི་རྣམས་ལ་དམ་ཚིག་ལས་འགལ་ན་དེ་མ་ཐག་མཐོང་ཆོས་མྱོང་འགྱུར་གྱི་འབྲས་བུ་ མྱོང་བ་ཅུང་ཉུང་ནའང༌། ཆོས་སྐྱོང་ཆེན་པོ་སོགས་ཁོང་ལྷ་འདྲེ་རྣམས་ནི་དམ་ཚིག་ལས་འགལ་མ་ཐག་ཏུ་མགོ་ལ་ལ་ ཙ་ཀའི་དོག་པ་བཞིན་དུ་འགས་པ་ཆོས་ཉིད་ཡིན་པས་ནག་པོ་དྲ་བ་ཅན་གྱི་རྒྱུད་ལས། ཉོན་ཅིག་གཤིན་རྗེ་ཕོ་མོ་རྣམས། ། གཤིན་རྗེའི་རྒྱལ་བོ་ཁྱེད་རྣམས་ཀྱི། ། ཚེ་སྲོག་བདག་པོ་ང་ཡིན་པས། ། ང་ཡི་བཀའ་ལས་འདའ་མ་བྱེད། ། འདས་ན་མགོ་ལུས་ཚལ་བ་བརྒྱར། ། འགེམ་པར་འགྱུར་པ་གདོན་མི་ཟ། ། ཞེས་གསུངས་པ་བཞིན་བསྟན་དང་བསྟན་འཛིན་སྐྱོང་བ་ཞལ་བཞེས་གནང་བ་འདི་དག་གི་དམ་ ཚིག་ལ་སྐྱོན་མ་བྱུང་བ་དེས་འགྲུབ་པ་ལ་སོམ་ཉི་བྱ་ག་ལ་དགོས། ཡི་དམ་དང་ཆོས་སྐྱོང་གང་ལ་བྱེད་ཀྱང་དེ་ལྟར་ལེགས་པར་བརྟགས་ནས་རྣམ་པར་དག་པའི་ ངེས་པ་རྙེད་པར་བྱེད་དགོས་པ་ཡིན་གྱི། རྣམ་དག་ཡིན་པའང་ཡིད་མ་ཆེས་པར་རྒྱལ་འགོང་དུ་བལྟས་ན་རྒྱལ་འགོང་གི་འཚུབ་དང་བར་ ཆད་མ་གཏོགས་དངོས་གྲུབ་མི་འབྱུང༌། དེ་བཞིན་དུ་ཆོས་སྐྱོང་ཕྱོགས་རེ་བ་བལྟས་ན་དེ་ཁའི་དངོས་གྲུབ་ཉི་ཚེ་བ་ཕྲ་མོ་ ཙམ་ལས་མི་འབྱུང་བས། དེས་ན་དམ་ཅན་སྲུང་མའི་དབང་བོ་རྒྱུད་སྡེ་ནས་གསུངས་པ་གང་བསྟེན་ཀྱང་རྩ་གསུམ་ ཀུན་འདུས་སུ་ངེས་པའི་དད་པ་གཏིང་ཚུགས་པ་ཞིག་ངེས་པར་གལ་ཆེའོ། ། ཡིད་ཆེས་ཀྱི་གནས་མིན་པ་ལ་གཞན་གྱི་ཁ་རྒྱུགས་ཙམ་གྱི་རྗེས་སུ་འབྲངས་ནས་བསྟེན་ པ་ནི། དངོས་གྲུབ་གང་ཡང་སྟེར་རྒྱུ་མེད་པས་ངལ་བ་དོན་མེད་དང༌། དོན་ལོག་པར་འགྲོ་བས་ན་སྲུང་མ་ཚད་ལྡན་ཡིན་མིན་ལ་བརྟག་པར་གལ་ཆེ། སྲུང་མ་ཚད་ལྡན་ཡིན་མིན་གྱི་ཁྱད་པར་ནི། སྔོན་དཔལ་ཆེན་པོས་བཏུལ་མ་བཏུལ། སྟོན་པ་རྡོ་རྗེ་འཆང་གིས་རྒྱུད་སྡེ་དག་ལས་ལུང་དུ་བསྟན་མ་བསྟན། རིག་འཛིན་གོང་མ་རྣམས་ཀྱིས་དམ་ལ་བཏགས་ཤིང་རྡོ་རྗེའི་དཀྱིལ་འཁོར་དུ་དབང་ བསྐུར་མ་བསྐུར་སོགས་ཀྱིས་འབྱེད་དགོས་པ་ཡིན་ལ། དེ་མིན་བསྟན་དང་སྟོན་པ་བསྟན་འཛིན་དང་བཅས་པའི་ཕྱོགས་ལ་སྨོན་ལམ་ལོག་ཅིང༌། དམ་ཚིག་ཉམས་པ་ལ་སོགས་པའི་སྒོ་ནས་དམ་སྲིའི་སྤྲུལ་བ་ཆོས་སྐྱོང་གི་ཚུལ་བཟུང་ ནས་རྒྱལ་བསྟན་ཁ་ལ་འཁྱེར་ཞིང༌། བསྟན་པར་ཞེ་ནས་གནག་པ། ཁྱད་པར་དུ་དམ་སྲི་ཁོ་རང་བསྟེན་པ་པོ་དག་ལའང་གྱོད་དང་ཁ་མཆུ། འཁུ་ལྡོག་དང་དུས་མིན་འཆི་བ་སོགས་མི་འདོད་པ་སྣ་དགུ་ཐོག་ཏུ་འབེབ་པའི་འདྲེ་ སྲིན་དང༌། རྒྱལ་འགོང༌། དམ་སྲི་གདུག་པ་ཅན་དག་ནི་བསྟེན་ན་འཕུང་བ་དང༌། བཏུད་ན་ཉེས་པའ་བྱུར་དང་སྒབ་འདྲེ་སྣ་ཚོགས་པ་འབྱུང་བའི་རྩ་བ་ཉིད་དུ་ཤེས་དགོས་ པ་གནད་དུ་ཆེ་བ་དང༌། དོན་འདི་བས་ན། ཚེ་འདིའི་ལྟོ་གོས་ཀྱི་ཁ་ཐབ་ཙམ་ཐོབ་པ་དང༌། ཕ་རོལ་ལ་དྲག་ལས་ཅུང་ཟད་བྱེད་པ་སོགས་ཀྱི་ནུས་པ་ནི་ཕྱི་རོལ་གྱི་ལྷ་འདྲེ་གདུག་ པ་ཅན་རྣམས་ལ་ཡོད་པས། དེ་ལྟ་བུ་ནི་རྒྱལ་འགོང་དམ་སྲི་སོགས་ལ་གཏོར་མ་བྱིན་པས་ཀྱང་འགྲུབ་པར་འགྱུར་ རོ། ། སྤྱིར་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བའི་རྣལ་འབྱོར་བ་ཆེན་པོ་རྣམས་ལ་ལྷ་ འདྲེ་སོགས་གང་གིས་ཀྱང་རྒོལ་བར་མི་ནུས་པ་རྗེ་བཙུན་མི་ལ་རས་པར་ལྷ་འདྲེའི་དམག་ བྱུང་བས་ཅི་ཡང་མ་གནོད་མ་ཉེས་པ་དང༌། མ་དག་པའི་རྟོག་པ་ཅན་ལ་ཁྱད་པར་ཅན་ཡང་འདྲེར་བཟུང་བས། པེ་ཧར་དང་གཙང་བཙན་གྱི་ཆོ་འཕྲུལ་སྒབ་འདྲེ་སྣ་ཚོགས་པ་བྱུང་ཟེར་ཞིང་མངོན་སུམ་ དུ་གནོད་པ་འདྲེན་པ་དང༌། ཆོས་སྐྱོང་བསྟེན་ཐབས་མ་ཤེས་པས་སྲུང་མ་བདུད་དུ་བབ་པའི་ལོ་རྒྱུས་ཤིན་ཏུ་མང༌། ལར་ནས་བླ་མ་ཡི་དམ་ཆོས་སྲུང་གང་ལའང་འདྲ་སྟེ་ཞི་བར་བསྒོམ་ན་ཞི་བ་དང༌། རྒྱས་པར་བསྒོམ་ན་རྒྱས་པ། ཆགས་པར་བསྒོམ་ན་དབང༌། གཏུམ་པར་བསྒོམ་ན་དྲག་པོ། རང་ལ་མཉེས་ཤིང་དུང་བར་བསྒོམ་ན་དངོས་གྲུབ་མྱུར་བ་དང༌། ཁེངས་ཤིང་འགྱིང་བར་བསྒོམ་ན་ལས་བུལ་བ་དང༌། འོད་སྤྲོ་བསྡུ་སོགས་བགྱིས་མ་བགྱིས་པ་ལས་དེ་དག་དེ་འགྲུབ་མ་འགྲུབ་སོགས་ཐམས་ ཅད་ཀྱང་གནད་དེ་ཡིན་ལ། ཕུར་སྲུང་བདག་ཉིད་མ་རེ་ཏིའི་སྒྲུབ་ཐབས་ལང་ལབ་སོགས་བཀའ་མ་དང༌། གནུབས་ཀྱི་མན་ངག་སོགས་གཏེར་མ་དག་ལས་ཀྱང༌། མ་མོ་མ་ལྟར་བསྟེན་པ། སྲིང་ལྟར་བསྟེན་པ། མཛའ་མོ་ལྟར་བསྟེན་པ། བྲན་མོ་ལྟར་བསྟེན་པའི་ཚུལ་གྱི་བསྙེན་སྒྲུབ་ལས་སྦྱོར་སོགས་ཀྱི་མན་ངག་རྒྱ་ ཆེར་གསུངས་ཡོད། དེའི་ཕྱིར་ན། འཇིགས་བྱེད་མཁན་པོས་སྣང་སྲིད་ཐམས་ཅད་འཇིགས་བྱེད་ཀྱི་དཀྱིལ་འཁོར་དུ་སྒོམ་ ཞིང༌། དེའི་སྒོ་ནས་འཕྲིན་ལས་སྒྲུབ། བདེ་མཆོག་ཀྱེ་རྡོར་ཕུར་བ་ལ་སོགས་པ་ཐམས་ཅད་ལ་ཡང་དེ་དང་འདྲ་ཞིང༌། དེ་དང་དེའི་ལམ་ཁྱེར་བགྱིས་པས་དངོས་གྲུབ་ཐམས་ཅད་འགྲུབ་པ་དང༌། གཤིན་རྗེ། གཟའ། མ་མོ། ཀླུ་སོགས་གང་ལ་བརྟེན་ཀྱང་དེ་དང་དེའི་སྐབས་སུ་སྣང་སྲིད་ཀྱི་བྱ་བྱེད་ཐམས་ཅད་ དེ་གའི་སྒོ་ནས་བྱེད་ཚུལ་ཤེས་དགོས་པས་སྔར་གཞུང་རྣམས་སུའང༌། ལོ་ཟླ་ཞག་དུས་སོགས་ཕྱི་ནང་ཁམས་སོགས་ལ་དབང་ཚུལ་རྒྱུ་དུས་ཐེབས་བཟློག་ཐམས་ཅད་ དེ་དང་དེ་ཁོ་ན་དབང་བ་ལྟ་བུ་ཞིག་བཤད་པ་རྣམས་ཀྱིས་ཀྱང་གོ་བར་ནུས་སོ། |