Central Executive Committee Of Dhomay

www.Dhomay.org Email-dhomay2005@yahoo.co.in ph-0091-1892-220334
www.dhomay.org _ Email_dhomay2005@yahoo.co.in_Phone_91-1892-220334
འཚོལ་བཤེར:
 
བཙན་བྱོལ་ཁྲོད་ཀྱི་གསར་འགྱུར།
རྒྱལ་བ་ཇོ་ནང་བ་དང་ངྷ་སའི་མི་མང་གི་བརྟན་བཞུགས།

༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བཀོད་ དེ་ལོ་ ༥༠ འཁོར་བའི་རྗེས་དྲན་དང་། ཁོང་གི་སྐུ་ཚེའི་ཞབས་པད་བརྟན་ཆེན། དཔལ་རྒྱལ་བ་ཇོ་ནང་བ་དང་ངྷ་ས་མི་མང་མཉམ་འབྲེལ་ཐོག་རྗེ་བཙུན་ཏཱ་ར་ནཱ་ཐའི་ གསུང་བླ་མ་མཆོད་པའི་ཆོ་གའི་སྟེང་ནས་བརྟན་བཞུགས་ཕུལ་ཡོད། ཕྱི་ཚེས་ ༢༧ ཉིན་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་རྒྱུད་དང་ངྷ་ས་ས་གནས་འཐུས་ཚོགས་དང་ས་གནས་མགོ་ འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེར་སྐྱ་མི་མང་གིས་༧གོང་ས་ མཆོག བཞུགས་སྒར་ངྷ་སར་ཞབས་སོར་བཀོད་དེ་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་སྲུང་གཙི་ཞུ་ སླད་དང་། ཁོང་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་གེགས་ཀྱི་མཚན་མའི་རིགས་མི་བཞེས་པར་སྐུ་ ཁམས་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། མཛད་འཕྲིན་གོང་ནས་གོང་དུ་རྒྱས་སླད་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཁལ་ཁ་ རྗེ་བཙུན་དམ་པ་མཆོག་དབུ་བཞུགས་ཀྱིས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བླ་མ་མཆོད་པའི་ཆོ་ག་དགེ་ལེགས་རབ་རྒྱས་ཀྱི་སྟེང་ ནས་བརྟན་བཞུགས་ཕུལ་ཡོད། བརྟན་བཞུགས་འབུལ་བའི་མཛད་སྒོར་གངས་ཅན་སྐྱིད་གཤོངས་ཀྱི་ལྷན་ཁང་ཁག་བདུན་གྱི་ གཞུང་ཞབས་ལས་བྱེད་ཆེ་ཕྲ་ཡོངས་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དགེ་འདུན་པ་དང་སློབ་ཕྲུག མང་ཚོགས་སོགས་མི་མང་སྟོང་ཕྲག་མང་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་ འཛོམས་དང་མཉམ་ཞུགས་གནང་ཡོད། ཉིན་དེའི་བརྟན་བཞུགས་གྲུབ་མཚམས་༧གོང་ས་མཆོག་གིས། ནམ་རྒྱུན་ངོས་ནས་བཤད་བསྡད་པ་བཞིན་དཔལ་ན་ལེན་ཌའི་ཆོས་རྒྱུད་ཕྱིའི་སྡེ་སྣོད་ གསུམ་དང་རྒྱུད་སྡེ་བཞི། མདོར་ན་ཐེག་པ་ཆེ་ཆུང་ལྔ་དང་བཅས་པ་ཆ་ཚང་བ་ཡོད་བསྡད་མཁན། དུས་ཡུན་རིང་བོ་ནས་གཏན་ལ་ཕབས་བསྡད་པའི་སངས་རྒྱས་ཀྱི་བསྟན་པ་དེ་བོད་གངས་ཅན་ གྱི་ལྗོངས་སུ་དར་བའི་རྗེས་སུ། བོད་རང་ཉིད་ཀྱི་མཁས་གྲུབ་སྐྱེས་བུ་མང་བོ་ཞིག་གིས་བསྟན་པ་དང་བྱ་བ་རླབས་ཆེན་ མཛད་ཡོད། དེ་བཞིན་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་མང་བོ་ཞིག་གིས་དུས་ནས་དུས་སུ། བསྟན་པ་དང་འགྲོ་བའི་ཞབས་བརྟན་རྒྱ་ཆེར་སྤེལ་ཡོད་ལ། དེའི་ནང་ནས་ཀུན་མཁྱེན་ཇོ་ནང་གི་བསྟན་རྒྱུད་འཛིན་མཁན་ཁྱེད་རང་ཚོས་དེ་རིང་ འདིར་བརྟན་བཞུགས་གནང་བར་ཞེ་དྲག་དགའ་བོ་བྱུང་། ཅེས་གསུངས། ཁོང་གིས་མུ་མཐུད་ནས་བཀའ་སློབ་བསྩལ་དོན། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོས་རང་རང་གི་ ཉམས་མྱོང་དང་། དེ་བཞིན་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཕྲན་བུ་ཕྲན་བུ་གསུང་སྟངས་མི་འདྲ་ལ། གཞུང་གི་གོ་བ་ལེན་སྟངས་ཀྱང་མ་འདྲ་ཡོང་བསྡད་ཀྱིན་ཡོད། རྒྱ་གར་མཁས་པའི་གཞུང་ནང་དུའང་ཡོང་བསྡད་ཀྱིན་ཡོད། མདོ་དོན་སྙིང་བོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཚང་མ་དངོས་གནས་དཔལ་ན་ལེན་ཌའི་ཆོས་རྒྱུད་ འཛིན་པ་གཅིག་གྱུར་ཡིན་པ་གསལ་བོ་རེད། དེར་བརྟེན་ཀུན་མཁྱེན་ཇོ་ནང་བས་བརྟན་བཞུགས་ཕུལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ ཡིན་ཞེས་དང་། ལྟ་བའི་ཆ་ནས་ཇོ་ནང་བའི་ལྟ་བ་ཟེར་ནས་བོད་ཀྱི་སྔ་འགྱུར་མཁས་པ་མང་བོས་སྐབས་ རེར་དགག་བྱ་རིམ་པ་མང་བོ་གནང་ཡོད་མོད། དེ་ཡང་ཆོ་གའི་ནང་ཡོད་པ་བཞིན་ཡིད་འོངས་མི་འགྱུར་རྡོ་རྗེ་ནས་བཟུང་ཀུན་མཁྱེན་ དོལ་པོའི་ཡབ་སྲས་ཀྱིས་དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་བཞེས་དེ་དག་གཙོ་ བོ་གནང་བསྡད་ཀྱིན་ཡོད། དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་བཞེས་ལ་ཆ་བཞག་ན་ས་དགེ་བཀའ་རྙིང་སོགས་ ཚང་མས་དུས་ཀྱི་འཁོར་ལོར་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་ནའང་། དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་ལེན་ལ་རྐང་འཛིན་བྱེད་མཁན་ནམ་རྩ་འཛིན་ བྱེད་མཁན་དེ་ཇོ་ནང་བ་རེད། དེར་བརྟེན་ཁྱེད་ཚོས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད་ལ། ད་དུང་ཡིན་ནའང་ཧུར་ཐག་གནང་རོགས་ཞེས་གསུངས་ཡོད། དེ་བཞིན་ངྷ་སའི་མི་མང་ལ་ཆ་མཚོན་ན་འདས་པའི་ལོ་ངོ་འདི་དག་རིང་ང་ཚོ་བཞུགས་སྒར་ གྱི་མི་སྣ་ཆགས་ཏེ་བསྡད་པ་དང་། ཁྱེད་ཚོ་དངོས་གནས་བོད་སྤྱི་པའི་དོན་དུ་སེམས་འཁུར་ལེན་རྒྱུ་དང་དེ་བཞིན་ང་ཚོ་ ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ཏེ་བསྡད་ཡོད་སྟབས། དེ་རིང་ཁྱེད་ཚོས་བརྟན་བཞུགས་ཕུལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ད་དུང་ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་བའི་སྐོར་ལ་བཀའ་སློབ་གནང་དོན། བར་སྐབས་སྐྱེ་རྒུ་མདོར་ས་ཡོམ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མི་མང་བོ་འདས་ གྲོངས་སུ་ཕྱིན་བསྡད་ཡོད། མི་མང་བོར་སོ་སོའི་ཕ་མ་དང་སྤུན་མཆེད། གཉེན་ཉེ་འཁོར་སོགས་མང་བོ་འདས་གྲོངས་སུ་ཕྱིན་ཏེ་སེམས་ལ་སྐྱོ་སྣང་ཏན་ཏན་ཡོང་ གི་རེད། གཙོ་བོའི་གཙོ་བོ་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་བྱ་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན།། གསུངས་པ་ལྟར། བྱུང་ཟིན་པ་དེ་ཚོ་སོ་སོའི་ལས་དབང་གི་བྱུང་བ་དང་ལྡོག་ཐབས་མེད་ནའང་། མ་འོངས་པར་ང་ཚོས་ལས་དབང་གི་སྐད་ཆ་བཤད་རྒྱུ་མིན། མ་འོངས་པར་གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན་གསུངས་པ་ལྟར། སོ་སོས་ཐབས་ཤེས་བྱས་ཏེ་དཔེར་ན་ཁང་པ་འཛུགས་སྐྲུན་དང་སློབ་གྲྭ་འཛུགས་སྐྲུན་ བྱེད་པར་མཚོན་ན། གནས་ཚུལ་གང་ཡང་ཡོང་སྲིད་པ་ཞིག་ལ་བསམ་བློ་བཏང་སྟེ། དེ་ལུགས་ཀྱིས་འཛུགས་སྐྲུན་སྲ་བརྟན་བྱས་ཚེ་ཕན་འགྲོ་གི་རེད། དེ་མིན་སེམས་ཁྲལ་བྱས་ཏེ་སེམས་ཞུམ་བསྡད་ན་གཏན་ནས་ཕན་གི་མ་རེད་ལ། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན་ཟེར་བ་ལྟར་སྡུག་བསྔལ་སྒོམ་ནས་ཕན་ཐོགས་གང་ཡང་མེད། མ་འོངས་པར་གལ་ཏེ་བཅོས་སུ་ཡོད་པ་ཞིག་ཡིན་ཚེ་དེ་ལ་མི་དགའ་བ་དང་སེམས་ཞུམ་ནས་ འདུག་དགོས་དོན་མེད་པར་དཀའ་ལས་བརྒྱབ། འབད་བརྩོན་བྱས། སེམས་ཤུགས་མ་ཆགས་པ་ཞིག་བྱ་དགོས། དེར་བརྟེན་དེ་རིང་འདས་གསོན་ཚོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་དང་། ཞོར་དུ་བོད་ནང་ཡོད་པ་རྣམས་ཀྱི་ཆེད་དུ་སེམས་ཤུགས་མ་ཆགས་པ་དང་སེམས་ཤུགས་ སྐྱེད་རྒྱུའི་ཆེད་དུ་འཚམས་འདྲི་ཞུ་རྒྱུ་ཡིན། གཙོ་བོ་སེམས་ཤུགས་མ་ཆགས་པ་བྱོས་ཞེས་གསུངས་ཡོད། ཁོང་གིས་ད་དུང་ཐེངས་འདིའི་ས་ཡོམ་བྱུང་རྗེས་ས་གནས་ས་ཐོག་ཏུ་གཡས་གཡོན་གྱི་ དགོན་པ་མང་བོ་ཞིག་གི་དགེ་འདུན་པ་ཧ་ཅང་མང་བོ་ཡོང་ནས། ཧུར་ཐག་གིས་རོགས་སྐྱོར་བྱས་འདུག་པར་དགའ་སྤོབས་བྱུང་ཞིང་། དེའི་རིགས་ང་ཚོ་ལས་འབྲས་དང་ཆོས། དགེ་སྡིག་ཁས་ལེན་མཁན་ཞིག་ཡིན་སྟབས་ལས་བཟང་བོ་རེད་ལ། དངོས་གནས་ཞལ་འདེབས་སྒོར་གཅིག་སྤྲད་ནའང་དེ་བསམ་པ་རྣམ་པར་དག་པའི་སྒོ་ནས་ཞལ་ འདེབས་བརྒྱབ། ཞལ་འདེབས་བརྒྱབ་པ་དང་ཆབས་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་བསྔོ་བ་སྨོན་ལམ་གྱི་སེམས་སྦྱར་ནས་བྱས་ཚེ། སོ་སོས་དངོས་སུ་དངུལ་སྤྲད་པའི་དགེ་བ་དང་ཕན་ཐོགས་ཡོང་གི་ཡོད། དགེ་བའི་བྱ་བ་དེར་བརྟེན་ཏེ་སེམས་སྐྱེད་ཀྱི་བསམ་པ་བྱུང་ན་དགེ་བ་རླབས་པོ་ཆེ་ ཡོང་གི་རེད། དེ་ལྟར་མ་བྱུང་ཡང་ཕན་པའི་བསམ་པ་ཡག་པོ་ཞིག་གི་ཐོག་ནས་དགེ་བ་སྒྲུབ་བཞག་པ་དེ་ བསྔོ་བ་བྱས་ཚེ། དེའི་ཚོད་ཀྱིས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྤུས་དག་པོ་ཡོང་གི་རེད་ཅེས་ གསུངས། མཇུག་མཐར། ཐེངས་འདིར་རྒྱ་ནག་གི་ས་ཁུལ་མང་བོ་ཞིག་དང་རྒྱ་ནག་གི་སྒྱུ་རྩལ་མཁན། ཚོང་པ་དང་མི་མང་དམངས་ཁྲོད་ནས་ཞལ་འདེབས་མང་བོ་ཡོང་བསྡད་ཀྱིན་འདུག དེ་ཚོ་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཅེས་གསུངས་ཡོད།

བོད་ཀྱི་དུས་བབ་ལས་འདེན་བཀོད་བྱས།